བདག་གིས་མིག་ཟུང་བཙུམས་ཐེངས་ཤིག་ལ།
ཁྱོད་ཉིད་སླེབས་འོང་སྙམ་པའི་འདུན་པ་དེས།
སྐྱེ་འཆིའི་བར་གྱི་བདེ་བ་ཁོ་ན་གླེང་།
ནམ་ཟླ་སྟོན་ལ་སླེབས་བྱུང་དུས་ནི་སྐར་མདའི་ཡུད་ཙམ།
བདག་གི་སྨྲ་བའང་གཅོད་ནུས་པའི་ཚིག་རྩུབ་དག།
ཐོད་ལ་ལེན་དོན་རེ་བ་སྤར་མོ་གང་གི་ཕྱིར།
ཁྱོད་ཀྱིས་གཏམ་རྒྱུད་ཀྱི་ཞོགས་པ་མེ་ལ་བསྲེགས་རྗེས།
ཐལ་བ་སྙིམ་པ་གང་ང་ཡི་པང་ལ་གཏོར།
ཡིད་སེམས་ཨ་ཐང་ཆད་སོང་འཇིག་རྟེན་སྒྱུ་མའི་སྣང་བ།
ཉིན་གང་བོར་ཡི་མུག་པའི་སྐྱོ་གདུང་དག་ཆུ་རུ་བཀྲུས་རྗེས།
ཁྱོད་ཀྱིས་བདག་གི་སེམས་ལ་རུས་པ་བསྩལ་ཨེ་ཡོང་སྙམ།
རྒྱང་རིང་གི་གཙང་པོ་སྔར་བཞིན་དལ་ཅག་གེར།
མུན་པའི་སྙིང་ཁམས་སུ་བཞུར་གྱིན་འདུག།
བདག་གིས་ཁོ་ཧྥེ་ཕོར་གང་ཧུབ་ཀྱིས་མིད་ནས།
མཐོང་སྣང་ཞིག་ལ་སྟོང་ལྷང་ལྷང་གི་སྲང་ལམ་བཞེང་དུས།
གྲང་ངར་ལྟ་བུའི་མིག་ཟུང་གཉོམ་པོ་དེས།
ཁྱོད་དང་ཁོ་ཚོ་མཉམ་དུ་བསྲེས་ཐབས་མ་བྱུང་།
ཉིན་ཞིག་ལ་ང་རང་སོང་ཚར་རྗེས།
ཤུལ་དུ་ལུས་པ་འདུ་འབྲལ་འཁོར་བའི་ཆོས་ཉིད།