མི་རྣམས་འཁོར་བའི་སྡུག་བསྔལ་གྱིས་མནར་དུས།
དཔྱིད་ཀ་ཉིད་དལ་ཅག་གེར་ང་ཡི་རྗེས་སུ་སྙེག་ཡོང་།
ཆར་ཆུས་བརླན་པའི་ངོ་གདོང་དག།
སྐམ་མི་ཐུབ་པར་བསམས་ན།
ང་ཡིས་དུས་ཚོད་ཀྱང་ག་དུས་ཤིག་ནས་བོར་སོང་བ་འདྲ།
ཚེ་རབས་ལས་ཀྱིས་འབྲེལ་བའི་ནམ་མཁའ་སྟོང་པ་འདི་ནས།
ཁྱེད་རང་ཕེབས་འགྲོ་སྙམ་པའི་སེམས་ཁྲལ་དེས།
འཁོར་བའི་དབྱར་ཁ་དང་དབྱར་ཁའི་མེ་ཏོག་ཀྱང་རྡུལ་དུ་བརླགས།
ངའི་ད་ལྟའི་དུས་ཚོད་ནང་མངོན་པར་གསལ་བ་ནི།
ང་ཚོ་རེ་རེས་སྡོང་པོ་རེ་ལ་རྒྱབ་བརྟེན་ཅིང་།
དྲན་པའི་ཡོལ་གོར་ལྷུང་བའི་གཟུགས་མེད་ལྕགས་ཐག་དེ།
ཚད་མེད་དུ་ཆེར་སྐྱེས་ནས།
ང་ཚོ་མི་རེ་རེའི་ཁུར་མགོར་རྨ་ཁ་ཟབ་མོ་བཞག་སོང་།
ཆགས་སྡང་དེའི་དབང་གིས་ཡིན་ནམ།
བཏང་སྙོམས་ངང་ཡུད་ཙམ་སྡོད་པར་འདོད་ཀྱང་།
ཡབ་མེས་ཀྱི་ས་གཞིའི་ངོགས་ཕྱིར་ལོག་ས་ཞིག་མི་འདུག།
བདེ་སྐྱིད་དང་སྡུག་བསྔལ་གྱི་ནམ་མཁའ་སྟོང་པ་འདི་ནས།
ང་རང་ལམ་ལ་ཆས་ཆོག་ཆོག་ཏུ་ཡོད་ཀྱང་།
ཕྱོགས་གང་ལ་འགྲོ་བར་འདང་ཕོག་མ་བྱུང་།
མི་སེམས་ཀྱི་དཔྱིད་ཀ། དགུན་ཁ་ལ་ཉེ་བར་ཕྱོགས་དུས།
ངས་རང་ལ་ཕུལ་བའི་མེ་ཏོག་དེ།
སྟོང་པར་ལུས་པའི་བུམ་པར་བཙུགས་ཡོད།