ཉེ་ཆར།ལི་ཐང་རྫོང་གིས་རྒྱལ་ཁབ་ཀྱི་བཞིAརིམ་པའི་ལྗོངས་ཁུལ་ཏེ་ལི་ཐང་གནའ་གྲོང་བོད་གྲོང་དུད་སྟོང་དུ་རིག་གནས་རང་བྱུང་ཤུལ་རྫས་ཉིན་མོ་སྐབས་དྲུག་པ་དང་གཟུགས་མེད་རིག་གནས་ཤུལ་བཞག་གི་ཉོ་སྒྲུབ་དུས་ཆེན་སྐབས་བཞི་པའི་བྱེད་སྒོ་རབ་དང་རིམ་པ་སྤེལ་བ་རེད།
ལི་ཐང་རྫོང་གིས་གཟུགས་མེད་རིག་གནས་ཤུལ་བཞག་གི་བརྒྱུད་འཛིན་པ་ཕུལ་བྱུང་སྒྲིག་འཛུགས་བྱས་ནས་ལྗོངས་ཁུལ་དུ་རིག་གནས་ཤུལ་བཞག་གི་འགྲེམས་སྟོན་བྱས་པ་སྟེ། གནམ་བསོད་དར་རྒྱས་བོད་སྨན་དང་། ལི་ཐང་གི་འཚེམ་དྲུབ། ཡིག་གཟུགས་བརྩམས་ཆོས། མར་རྒྱན་མཆོད་པ། བོད་ཀྱི་འཐག་ལས་ཐོན་རྫས་ཉལ་གཟན། ཐང་ག། ཌ་མ་རུ་སོགས་གཟུགས་མེད་རིག་གནས་ཤུལ་བཞག་གི་ལག་རྩལ་གྱིས་ཡུལ་སྐོར་བ་ཚོའི་ཡིད་དབང་བཀུག་པ་དང་། རྫོང་དེའི་ཁྲུང་ཁྲུང་སྒྱུ་རྩལ་ཚོགས་པས་ལི་ཐང་གི་སྐོར་བྲོ་དང་། ལི་ཐང་གི་ལ་གླུ་སོགས་ངོ་མཚར་བའི་གཟུགས་མེད་རིག་གནས་ཤུལ་བཞག་གི་འཁྲབ་སྟོན་བྱས་ནས་ཉེ་བའི་ལོ་ཤས་རིང་ལི་ཐང་རྫོང་གི་གཟུགས་མེད་རིག་གནས་ཤུལ་བཞག་སྲུང་སྐྱོང་ལས་དོན་ལ་གཡུར་དུ་ཟ་བའི་གྲུབ་འབྲས་ལེགས་པོ་ཐོབ་པ་མཚོན།
ལི་ཐང་རྫོང་གི་ཁྱད་དུ་འཕགས་པའི་གཟུགས་མེད་རིག་གནས་ཤུལ་བཞག་དེ་དག་དེ་བས་ལེགས་པའི་སྒོས་དྲིལ་བསྒྲགས་བྱ་ཆེད། བྱེད་སྒོའི་ནང་དྲྭ་ཐོག་དང་དྲྭ་ཕྱིའི་རྣམ་པའི་ཐོག་ནས་ལི་ཐང་རྫོང་གི་གཟུགས་མེད་རིག་གནས་ཤུལ་བཞག་གི་སྤུས་རྟགས་འགྲེམས་སྟོན་བྱས་པ་དང་། འཁྱུག་དབྱིངས་འཕྲིན་སྟེགས་ནས“གཟུགས་མེད་རིག་གནས་ཤུལ་བཞག་བརྒྱུད་འཛིན་དང་སྲུང་སྐྱོང”གིས་གཙོ་དོན་བྱས་པའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་དང་འབྲེལ་ས་གནས་དངོས་སུ་གཟུགས་མེད་རིག་གནས་ཤུལ་བཞག་གི་ཐོན་རྫས་བཙོང་བར་ངོ་སྤྲོད་ཞིབ་ཕྲ་བྱས་ཤིང་ལྟ་མཁན་རྣམས་ཀྱི་ལན་ཆ་ཆེན་པོ་བྱུང་བ་རེད།
བྱེད་སྒོའི་རྣམ་པ་ཕུན་སུམ་ཚོགས་པར་བརྟེན། མང་ཚོགས་དང་ཡུལ་སྐོར་བས་ལི་ཐང་རྫོང་གི་མི་རིགས་རིག་གནས་ལ་རྒྱུས་ལོན་གཏིང་ཟབ་ཐུབ་པ་དང་། མི་རིགས་རིག་གནས་ཀྱི་གདེང་ཚོད་ཆེ་རུ་གཏོང་བ། མི་དམངས་མང་ཚོགས་ཀྱི་གཟུགས་མེད་རིག་གནས་ཤུལ་བཞག་སྲུང་སྐྱོང་གི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ། གཟུགས་མེད་རིག་གནས་ཤུལ་བཞག་བརྒྱུད་འཛིན་དང་སྲུང་སྐྱོང་བྱེད་ཤུགས་སྔར་བས་ཆེ་རུ་གཏོང་བ་བཅས་བྱས་ནས་ལི་ཐང་རྫོང་གི་གཟུགས་མེད་རིག་གནས་ཤུལ་བཞག་ལ་གསོན་ཤུགས་གསར་པ་བསྣན་པ་རེད།།
( ནོར་བུས་བསྒྱུར།)