ཉེ་ཆར། བྲག་མགོ་རྫོང་ཨུ་དང་རྫོང་སྲིད་གཞུང་། ཀྲུང་གོའི་རླངས་འཁོར་འཕྲུལ་རྟ་ལུས་རྩལ་མཉམ་འབྲེལ་ལྷན་ཚོགས་བཅས་ཀྱིས་གཙོ་གཉེར་བྱས་པའི“2023ལོའི་བྲག་མགོ·ཀྲུང་གོའི་རླངས་འཁོར་འཐེན་ཤུགས་ལེགས་སྐྱེས་འགྲན་སྡུར”གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ཁྲེང་ཏུའུ་གོ་ལ་ཧྲིལ་པོ་ལྟེ་གནས་སུ་འཚོགས་པ་རེད། ཀྲུང་གོའི་སྤྱི་ཕན་བྱ་གཞག་གི་གཟུགས་བརྙན་ཕོ་ཉ་མཱ་ཚའེ་ཆིང་དང་། ཀྲུང་གོ་རླངས་འཁོར་འཕྲུལ་རྟ་ལུས་རྩལ་མཉམ་འབྲེལ་ལྷན་ཚོགས། བྲག་མགོ་རྫོང་གི་འབྲེལ་ཡོད་མགོ་ཁྲིད་བཅས་ཡོངས་བསྒྲགས་ཚོགས་འདུར་ཞུགས་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། “2023བྲག་མགོ·ཀྲུང་གོའི་རླངས་འཁོར་འཐེན་ཤུགས་ལེགས་སྐྱེས་འགྲན་སྡུར་དེ་སྤྱི་ཟླ7པའི་ཚེས14ནས16ཉིན་བར་བྲག་མགོ་རྫོང་དུ་སྤེལ་རྒྱུ་ཡིན་ལ། འགྲན་སྡུར་དེ་དུས་མཚམས་གཉིས་སུ་དབྱེ་ནས་སྤེལ་རྒྱུ་སྟེ། སྤྱི་ཟླ7པའི་ཚེས14དང་ཚེས15ཉིན་ནི་དུས་མཚམས་དང་པོ་ཡིན། སྤྱི་ཟླ7པའི་ཚེས16ཉིན་ནི་དུས་མཚམས་གཉིས་པ་དེ་ཡིན། འགྲན་སྡུར་གྱི་སྤྱིའི་ལམ་ཐག་སྤྱི་ལེ160ཡན་ཟིན་པ་དང་ད་སྔའི་བར་འགྲན་སྡུར་དུ་འགྲན་ཞུགས་པ70ལྷག་གིས་མིང་ཐོ་བཀོད་ཡོད། ད་ཐེངས་ཀྱི་འཐེན་ཤུགས་འགྲན་སྡུར་ནི་ད་ལོའི་ཀྲུང་གོའི་རླངས་འཁོར་གྱི་འཐེན་ཤུགས་ལེགས་སྐྱེས་འགྲན་སྡུར་གྱི་ས་ཚུགས་དང་པོ་དེ་ཡིན་ལ་ས་བབ་མཐོ་བའི་ས་ཁུལ་དུ་ཀྲུང་གོའི་རླངས་འཁོར་གྱི་འཐེན་ཤུགས་ལེགས་སྐྱེས་འགྲན་སྡུར་བྱེད་ཐེངས་དང་པོའང་རེད།
ཀྲུང་གོའི་རླངས་འཁོར་གྱི་འཐེན་ཤུགས་ལེགས་སྐྱེས་འགྲན་བསྡུར(CRC)ནི་ཀྲུང་གོའི་རླངས་འཁོར་འཕྲུལ་རྟའི་ལུས་རྩལ་མཉམ་འབྲེལ་ལྷན་ཚོགས་དང་བྲག་མགོ་རྫོང་གཉིས་ཀྱིས་མཉམ་འབྲེལ་བྱས་ནས་སྤེལ་བའི་འགྲན་སྡུར་གལ་ཆེན་ཞིག་ཡིན་ལ། དེའི་དམིགས་ཡུལ་ནི་ཀྲུང་གོའི་རླངས་འཁོར་གྱི་འཐེན་ཤུགས་ལེགས་སྐྱེས་འགྲན་སྡུར་འཕེལ་རྒྱས་དང་བྲག་མགོ་རྫོང་གི་ཡུལ་སྐོར་དཔལ་འབྱོར་དར་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུ་དེ་ཡིན་པ་རེད། དེ་དང་ཆབས་ཅིག་ད་ཐེངས་ཀྱི་འགྲན་སྡུར་དེའང་ཀྲུང་གོའི་རླངས་འཁོར་གྱི་འཐེན་ཤུགས་ལ་དགའ་པོ་བྱེད་མཁན་ཚོར་རང་ཉིད་ཀྱི་གར་སྟེགས་ཤིག་མཁོ་འདོན་བྱས་པ་ཞིག་རེད།
ཀྲུང་གོ་རླངས་འཁོར་དང་འཕྲུལ་རྟ་ལུས་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་འབྲེལ་ཡོད་འགན་འཁུར་བས་ཀྲུང་གོའི་རླངས་འཁོར་གྱི་འཐེན་ཤུགས་ལེགས་སྐྱེས་འགྲན་སྡུར་ནི་ཀྲུང་གོའི་རིམ་པ་མཐོ་ཤོས་ཀྱི་རླངས་འཁོར་གྱི་འཐེན་ཤུགས་འགྲན་སྡུར་ཞིག་རེད། འགྲན་སྡུར་དེ་སྤྱི་ལོ1997ལོར་གཉེར་བ་ནས་བཟུང་ལོ་ཉི་ཤུ་ལྷག་ཙམ་གྲུབ་འབྲས་ཐོབ་པའི་ངང་གཉེར་བ་དང་འགྲན་སྡུར་གྱི་ཤུགས་རྐྱེན་ཐེབས་ཤུགས་རྒྱལ་ཡོངས་དང་ཐ་ན་ཨེ་ཤེ་ཡའི་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་དུ་ཁྱབ་ཡོད།
ཀྲུང་གོའི་སྤྱི་ཕན་བྱ་གཞག་གི་གཟུགས་བརྙན་ཕོ་ཉ་མཱ་ཚའེ་ཆིང་གིས་སྐབས་འདིའི2023ལོའི·ཀྲུང་གོའི་རླངས་འཁོར་གྱི་འཐེན་ཤུགས་ལེགས་སྐྱེས་འགྲན་སྡུར་དང་ཀྲུང་གོ་དགེ་ལས་མཐུན་ཚོགས་ཀྱི་རོགས་སྐྱོར་ཚོང་པ་མཉམ་འབྲེལ་གྱིས་རྒྱ་ཆེའི་རླངས་འཁོར་འགྲན་སྡུར་ལ་དགའ་པོ་བྱེད་མཁན་དང་ལྟད་མོ་བས་རང་ཉིད་ཀྱི་སྟོབས་ཤུགས་ལ་བརྟེན་ནས་དགེ་ལས་སྤྱི་ཕན་བྱ་གཞག་ལ་རྒྱབ་སྐྱོར་དང་ཉེ་འགྲམ་གྱི་ཉམས་ཞན་ཚོགས་སྤྱིར་དོ་ཁུར་བྱས་ཏེ་སྤྱི་ཚོགས་འཕེལ་རྒྱས་ཆེད་རང་ཉིད་ཀྱི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུའི་འབོད་སྐུལ་བྱ་རྒྱུ་ཡིན་ཞེས་བཤད།
ཡོངས་བསྒྲགས་ཚོགས་འདུའི་རིང་། གཙོ་གཉེར་ཕྱོགས་ཀྱིས་ད་དུང་ཁ་ལོ་བའི་འཐུས་མི་མང་པོ་གདན་དྲངས་ཏེ་ཁོ་ཚོར་འགྲན་སྡུར་གྱི་བཀོད་སྒྲིག་དང་འགྲན་རའི་ཁོར་ཡུག་སོགས་ཀྱི་ཐད་གྲོས་འགོ་བཏོན་པ་རེད། ད་ཐེངས་ཀྱི་འགྲན་སྡུར་གཉེར་བ་དེས་ཀྲུང་གོའི་རླངས་འཁོར་གྱི་འཐེན་ཤུགས་ལེགས་སྐྱེས་འགྲན་སྡུར་འཕེལ་རྒྱས་འགྲོ་རྒྱུར་གསོན་ཤུགས་དང་སྒུལ་ཤུགས་གསར་པ་སྦྱིན་རྒྱུ་དང་དུས་མཚུངས་རླངས་འཁོར་ལ་དགའ་པོ་བྱེད་མཁན་ལ་མཐོང་ཚོར་གྱི་སྟོན་མོ་ཞིག་ཀྱང་གཤོམ་རྒྱུ་རེད། འགྲན་སྡུར་བྱས་པ་བརྒྱུད་སྤྱི་ཚོགས་ལས་རིགས་ཁག་གིས་ཀྲུང་གོའི་རླངས་འཁོར་གྱི་འཐེན་ཤུགས་ལེགས་སྐྱེས་འགྲན་སྡུར་ཤེས་རྟོགས་དང་ངོས་འཛིན་ཐུབ་པར་བྱས་ནས་ཀྲུང་གོའི་རླངས་འཁོར་གྱི་འཐེན་ཤུགས་ལེགས་སྐྱེས་འགྲན་སྡུར་གྱི་ཤུགས་རྐྱེན་ཐེབས་ཤུགས་ཆེ་རུ་གཏང་རྒྱུའི་རེ་བ་བྱེད་ཀྱི་ཡོད་པ་རེད།།
( ཨོ་རྒྱན་གྱིས་བསྒྱུར།)