国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཁུལ་ཡོངས་སུ་ཐོག་མར་བསྐྲུན་པའི་རྫོང་རིམ་པའི་ཨང་ཀི་ཆེན་མོའི་ལྟེ་གནས་རོང་བྲག་རྫོང་དུ་སྤྱོད་འགོ་བཙུགས།

ཉེ་ཆར། ཁུལ་ཡོངས་སུ་ཐོག་མར་བསྐྲུན་པའི་མ་ལག་ཅན་གྱི་གཉེར་སྐྱོང་གི་རྫོང་རིམ་པའི་ཨང་ཀི་ཆེན་མོའི་ལྟེ་གནས་དེ་རོང་བྲག་རྫོང་དུ་དངོས་སུ་སྤྱོད་འགོ་ཚུགས་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། ཨང་ཀི་ཆེན་མོའི་ལྟེ་གནས་འཛུགས་སྐྲུན་དང་སྲིད་དོན་ཞབས་ཞུའི་ལྟེ་གནས་རིམ་སྤོར་བསྒྱུར་བཀོད་ལ་དུས་ཡུན་ཟླ་བ5ཙམ་འགོར་བ་དང་མ་དངུལ་སྒོར་ཁྲི3000ལྷག་བཏང་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན། རོང་བྲག་རྫོང་ཨང་ཀི་ཆེན་མོའི་ལྟེ་གནས་ཀྱིས“ཏང་སྲིད་ཀྱི་འགན་འཁྲི་མཉམ་འཁུར་ཆེན་པོ་དྲུག”དམ་འཛིན་བྱས་ཤིང་། སྤྱི་ཚོགས་བཅོས་སྐྱོང་དང་དཔལ་འབྱོར་ལེགས་སྒྲིག། སྐྱེ་ཁམས་ཁོར་ཡུག། ཁྲོམ་རའི་ལྟ་སྐུལ་དོ་དམ། སྤྱི་པའི་ཞབས་ཞུ་སོགས་ཁྱབ་ཁོངས་མང་པོར་དམིགས་ཏེ། སྲིད་དོན་དང་སྤྱི་བདེ། ཡུལ་སྐོར།འཚུབ་བསྟུན།ནགས་རྩྭ།རང་བྱུང་ཐོན་ཁུངས། ཆུ་བེད།འགྲིམ་འགྲུལ་སོགས་ཀྱི་ཨང་ཀི་འཚོལ་བསྡུ་དང་མཉམ་སྤྱོད། སྒོ་འབྱེད། སྲུང་སྐྱོང་། དོ་དམ་བཅས་ཀྱི་ཕུགས་ཕན་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་བཏང་སྟེ། ཆ་འཕྲིན་ཐོན་ཁུངས་བསྡུ་སྒྲིལ་བེད་སྤྱོད་མགྱོགས་སུ་བཏང་ནས་སྤྱི་པའི་ཞབས་ཞུ་ཆུ་ཚད་མཐོ་རུ་ནུས་ལྡན་གཏོང་བ་དང་། རྫོང་དེའི་ཨང་ཀི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཡོད།

སླད་ཕྱིན་རོང་བྲག་རྫོང་གིས་འཕེལ་རྒྱས་སྤུས་ཚད་མཐོན་པོའི་དུས་རབས་ཀྱི་གཙོ་དོན་ཁོང་དུ་བརྟན་པོ་ཆུད་པ་བྱས་ཏེ། དྲྭ་སྦྲེལ་སྤེལ་རེས་དང་ཆ་འཕྲིན་བདེ་འཇགས་ཕྱོགས་གཉིས་ནས་དམ་འཛིན་བྱ་རྒྱུ་རྒྱུན་འཁྱོངས་དང་། དམངས་འཚོའི་བདེ་སྐྱིད་ཆེ་རུ་གཏོང་བ་དེ་ཐོག་མཐའ་བར་གསུམ་དུ་རིག་ལྡན་རོང་བྲག་གཏོད་པའི་འགོ་འཛུགས་ས་དང་དོན་ལ་བབས་སར་བརྩིས་ཏེ། མཉམ་སྐྲུན་མཉམ་སྤྱོད་དང་ཨང་ཀིའི་ཕན་འབྲས་ཆེ་ཤོས་ཐོབ་པ་དང་།རིག་ལྡན་སྲིད་དོན་དང་རིག་ལྡན་དམངས་འཚོ། རིག་ལྡན་དོ་དམ་སོགས་ཀྱི་ཞབས་ཞུ་ཏན་ཏིག་བཙུགས་ཤིང་། ཨང་ཀི་གཅིག་སྡུད་མཉམ་སྤྱོད་དང་ཕན་འབྲས་ཆེ་བའི་བཀོལ་སྤྱོད་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བ་དང་། ཨང་ཀིའི་རྒྱུ་ནོར་དོ་དམ་ནུས་པ་དང་ཨང་ཀི་མཉམ་སྤྱོད་ཀྱི་འདེགས་སྐྱོར་ནུས་པ། ཨང་ཀི་བཅོས་སྐྱོང་དབྱེ་ཞིབ་ནུས་པ་བཅས་རྒྱུན་མི་ཆད་པར་ཆེ་རུ་གཏོང་བ། ཨང་ཀི་ཆེན་མོ་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་མཉམ་འདྲེས་གཏིང་ཟབ་ལ་སྐུལ་འདེད་བཏང་སྟེ། རོང་བྲག་རྫོང་གི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་འགྲོ་བར་སྒུལ་ཤུགས་ཆེན་པོ་བསྣན་ཡོད་པ་རེད།།

( བདེ་ཆེན་གྱིས་བསྒྱུར།)