ཁ་བའི་ལྗོངས་ཀྱི་མེས་པོའི་རྒྱུད་ན་གཡོ་ཟོལ་སྒྱུ་མའི་
གར་སྟབས་རྦད་དེ་བྲལ། །
ཁ་བའི་ལྗོངས་ཀྱི་མེས་པོའི་བློ་ན་སྤྱོད་ངན་བ་ཚྭའི་དྲི་
མ་ཡེ་ནས་དབེན། །
ཁ་བའི་ལྗོངས་ཀྱི་མེས་པོའི་ལུས་ཀྱི་ཟུངས་ཁྲག་རབ་
དཀར་འོ་མ་ཤ་སྟག་ཉིད། །
ཁ་བའི་ལྗོངས་ཀྱི་མེས་པོའི་སེམས་ནས་འཕྱོ་བ་
གཞན་ཕན་བརྩེ་སེམས་ཁོ་ན་ཉིད། །
ཁ་བའི་ལྗོངས་ཀྱི་མེས་པོ་རྣམས་ལ་དུང་བའི་དད་པ་
གུས་པའི་བཀུར་བསྟི་གྱིས། །
བརྩོན་འགྲུས་རྒྱལ་པོ་དབུ་ཡི་ཞྭ་ལྟར་བཀུར་བ་ཆོལ་
གསུམ་དམ་པ་ཉིད་ཀྱི་གཤིས། །
རྣམ་གཡེང་བསམ་པ་སྨད་པའི་བྲན་དུ་བཀོལ་བ་ཆོལ་
གསུམ་ཤེས་ལྡན་པ་ཡི་རྒྱན། །
འོན་ཏེ་དེང་སྐབས་བོད་མིས་འདྲེས་སྐད་སྨྲ་བ་ཆོལ་
གསུམ་བོད་མི་ཀུན་གྱི་སྐྱོན། །
ཕ་སྐད་མཁོ་མེད་སྨྲས་ནས་གཞན་རྗེས་སྙེག་པ་ཆོལ་
གསུམ་བོད་མི་ཡོད་དགུའི་མཚང་། །
མདོར་ན་ངག་ནས་ཕ་སྐད་གཙང་མ་འཆད་མཁན་
ཆོལ་གསུམ་ཡུལ་གྲུ་ཀུན་ན་དཀོན། །
རི་རབ་ཕྲག་ལ་བླངས་ནས་རྒྱ་མཚོ་ཧུབ་ཀྱིས་འདྲེན་
པའི་སྟོབས་ཤུགས་བོད་ལ་ཡོད། །
ལང་ཚོ་གླུ་རུ་བཀུག་ནས་རེ་སྨོན་གར་དུ་བསྒྱུར་བའི་
ནུས་པ་བོད་ལ་ཡོད། །
རང་དོན་རྒྱབ་ཏུ་བསྐྱུར་ཅིང་གཞན་དོན་ཁུར་དུ་
བཞེས་པའི་ལྷག་བསམ་བོད་ལ་ཡོད། །
གདུང་བའི་ཁུར་པོས་མནན་ཀྱང་སྐྱིད་པའི་གླུ་ཆུང་
ལེན་པའི་བློ་སྤོབས་བོད་ལ་ཡོད། །
འདི་དག་འཛིན་སྐྱོང་སྤེལ་གསུམ་བྱེད་པར་ཆོལ་
གསུམ་བོད་མི་ཀུན་གྱིས་སྙིང་ནས་རེ། །
རང་མགོ་རང་གིས་གཡོགས་ཤིང་རང་སེམས་རང་
གིས་གསོ་མཁན་ཀླ་ཀློ་བོད་ལ་ཡོད། །
རང་སྣང་གང་དྲན་བྱས་ནས་གཟུགས་མེད་གྲུབ་བཟོ་
བགྱིད་མཁན་མགོ་སྟོང་བོད་ལ་ཡོད། །
སྨྱོ་ཆུ་ཁ་ཡིས་བཏུང་ནས་སྨྱོན་རྟགས་ལག་པས་སྟོན་
མཁན་བླུན་པོ་བོད་ལ་ཡོད། །
བཅུད་དོར་སྙིགས་ལེན་བྱེད་ཅིང་བདེན་དོར་
རྫུན་ལེན་བགྱིད་མཁན་ཅོལ་ཆུང་བོད་ལ་ཡོད། །
འདི་ཚོ་རིགས་འདི་ཉམས་རྒུད་གྱུར་པའི་རྟགས་
མཚན་ཞིག་དང་སྔོན་བརྡ་རང་དུ་སྣང་། །
གངས་ལྗོངས་རིག་གནས་ཉིད་ཀྱི་བླ་སྲོག་ཡིན་
འདི་བཟློག་མེད་གཤིན་རྗེའི་རྒྱ་མ་ཞིག །
གངས་ལྗོངས་སྐད་ཡིག་ཉིད་ཀྱི་ཚེ་སྲོག་ཡིན་འདི་
བསྙོན་མེད་རྒྱུ་འབྲས་དངོས་མ་ཞིག །
གངས་རིའི་བུ་ཕྲུག་གང་ན་གནས་ཀྱང་སྐྱེས་སའི་
ལྟེ་ཁྲག་འཐོར་ས་ཁ་བའི་ལྗོངས། །
གངས་རིའི་བུ་མོ་གང་དུ་ཕྱིན་ཀྱང་འཆི་སའི་
རུས་རྐང་འཐིམས་ས་ཁ་བའི་ལྗོངས། །
གངས་རིའི་ཐུགས་སྲས་དག་གིས་འདིའི་ཐད་ཞིབ་
ཏུ་དཔྱད་ཅིང་དོ་སྣང་བྱ་འོས་སོ། །
༼ གཅན་གླག་མིག། ༽