国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






བོད་ཀྱི་ཡུལ་ལུང་སོ་སོའི་ཁ་སྐད་ཀྱི་ཁྱད་པར་ལས་གཅིག་གྱུར་སྐོར་གླེང་བ།

གླེང་སློང་བ།

ནང་དོན་གནད་བསྡུས། ལུང་པ་རེ་ལ་སྐད་ལུགས་རེ།།བླ་མ་རེ་ལ་ཆོས་ལུགས་རེ།།ཞེས་གསུངས་པ་ལྟར།རོང་འབྲོག་གཉིས་ལས་འབྲོག་ཁུལ་གྱི་འཚོ་བ་བྱེད་སྟངས་དེ་དབྱར་དགུན་སྟོན་དཔྱིད་ཀྱི་གནམ་གཤིས་དྲོ་གྲང་གི་འགྱུར་བ་དང་རྩྭ་ཆུ་གཉིས་ལ་བརྟེན་ནས་འཚོ་བ་རོལ་དགོས་པས།ཡར་མར་གྱི་གནས་སྤོ་བྱེད་པ་མང་ལ།གནས་སྡོད་བྱེད་སྐབས་ཀྱང་ཁྱིམ་མཚེས་དང་བར་ཐག་བསྲིངས་ནས་འཚོ་སྡོད་བྱེད་དགོས་པའི་དབང་གིས་རོང་ཁུལ་དང་བསྡུར་ན་སྐད་ལ་དེ་འདྲའི་འགྱུར་བ་ཆེན་པོ་བྱུང་མེད།དེ་ལས་ལྡོག་སྟེ་རོང་ཁུལ་ནི་ཡུལ་ལུང་རེ་ན་གཏན་ཁེལ་པའི་ཁྱིམ་མཚེས་དག་དང་མཉམ་དུ་གཏན་ཆགས་ངང་འཚོ་སྡོད་བྱས་ལ།སྡེ་བའམ་གྲོང་པ་སོ་སོའི་བར་འབྲེལ་འདྲིས་བྱ་དགོས་ཐུག་རུང་རི་དང་ཆུ།བྲག་རོང་སོགས་ཀྱིས་བར་དུ་བཅད་ཡོད་པས་དེ་འདྲའི་སྟབས་བདེ་མིན་པས།ལུང་པ་སོ་སོའམ་སྡེ་བ་སོ་སོའི་སྐད་ལུགས་རེ་ཆགས་ལ།སྐད་ལུགས་ཆགས་སྟངས་འདི་ལའང་མ་གཞི་བོད་སྐད་ཡིན་པ་གཞི་བཞག་གི་སྟེང་ལ་སྐད་ཀྱི་འགྱུར་བ་དེ་ལ་ཡུལ་ལུང་དེ་གའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་དང་ཆོས་ཉིད་ངེས་ཅན་ཞིག་ལྡན།གལ་སྲིད་བོད་སྐད་ལ་གཅིག་གྱུར་འདོད་ཚེ་ཡུལ་ལུང་སོ་སོའི་སྐད་ཀྱི་ཁྱད་ཆོས་དང་འགྱུར་བའི་ཆོས་ཉིད་ཤེས་པའི་ཐོག་ནས་ལག་ཏུ་བསྟར་ཚེ་ཕྱར་བ་གྲུ་འདེགས་ཀྱི་ནུས་པ་ལྡན་སྙམ།

བརྡ་ཆད་གཙོ་བོ།འབྲོག་སྐད།རོང་སྐད།ཡུལ་སྐད།སྐད་གཅིག་གྱུར།

སྤྱིར་མི་རིགས་གང་དང་གང་ཞིག་ཡིན་རུང་།སྐད་དང་ཡི་གེ་ནི་མི་རིགས་དེའི་བླ་སྲོག་ཡིན་པ་བཞིན་སྐད་ཡིག་གི་འཕེལ་འགྲིབ་ནི་མི་རིགས་གང་དེའི་དར་རྒུད་དང་འབྲེལ་བ་དམ་པོ་ཡོད་པ་ཡིན།ཤ་རུས་ཁྲག་རྒྱུན་གཅིག་པའི་མདོ་དབུས་ཁམས་གསུམ་གྱི་མི་རྣམས་ཕན་ཚུན་བར་སྐད་ཆ་བཤད་དུས་གཅིག་གིས་གཅིག་ལ་བརྡ་མི་འཕྲོད་པའམ་བརྡ་ལོག་པར་འཕྲོད་པ་སོགས་ཀྱི་གནད་ཀྱང་ཐ་སྙད་ཀློག་སྟངས་ཀྱི་གདངས་སམ་སྐད་གཤིས་མི་འདྲ་བས་མ་གཏོགས།ཡི་གེའི་ཐོག་ནས་གཅིག་གྱུར་ཡིན།དེའི་སྟབས་ཀྱིས་རང་རང་གི་སྐད་ཆར་མནོ་བསམ་ཞིབ་མོས་གང་ཡིག་སྐད་དང་མི་མཐུན་པ་དང་།གང་གི་སྒྲ་གདངས་ཇི་བཞིན་ཐོན་མེད་པ་སོགས་ངོ་ཤེས་ནས།རང་སྟེང་ནས་འགྱུར་བ་གཏང་རྒྱུ་ནི་བོད་སྐད་གཅིག་གྱུར་འགྲོ་བའི་རྩ་བ་ཡིན་སྟབས།གཤམ་དུ་ཡུལ་ལུང་སོ་སོའི་སྐད་ཀྱི་གདངས་དང་ཡིག་སྐད་གཉིས་ཀྱི་ཁྱད་ཆོས་ནས་འགོ་བརྩམས་ཏེ།སྐད་དང་ཡི་གེའི་ཀློག་སྟངས་གཅིག་གྱུར་སྐོར་རོབ་ཙམ་ཞུ་ན།

དང་པོ། ཨ་མདོའི་སྐད་ཀྱི་དམིགས་བསལ་གྱི་ཁྱད་ཆོས་འགའ།

གཅིག། ར་བཏགས་ལ་ཡ་བཏགས་གདངས་ཀྱིས་ཀློག་པ།ར་བཏགས་ཅན་བཅུ་གཅིག་གི་ནང་ནས་ཀ་ཁ་ག་མ་བཅས་ཀྱི་མིང་གཞིར་སོང་བའི་ར་བཏགས་ལ་ཡ་བཏགས་ཀྱི་གདངས་ལྟར་ཀློག་པ་ཤིན་ཏུ་མང་སྟེ།དཔེར་ན།མིང་གཞི་ཀ་ཅན་ལ།སྐྲག་མོ་ལ་སྐྱག་མོ་དང་།སྐྲ་ལ་སྐྱ་སོགས་དང་།མིང་གཞི་ཁ་ཅན་ལ།ཁྲག་ལ་ཁྱག་དང་།ཁྲལ་འཇལ་བ་ལ་ཁྱལ་འཇལ་བ།ཁྲ་ཁྲ་ལ་ཁྱ་ཁྱ་སོགས་དང་། མིང་གཞི་ག་ཅན་ལ།འགྲོ་ལ་འགྱོ། གྲོ་མ་ལ་གྱོ་མ་དང་།ཆུར་བགྲོད་བྱེད་གྲུ་གཟིངས་གྱི་གྲུ་ལ་གྱུ།འཚོ་བའི་ཡོ་བྱེད་གྱི་གྲི་ལ་གྱི།མིང་གཞི་མ་ཅན་ལ།མི་ལ་མྱི་དང་།མེ་ལ་མྱེ་ལྟ་སོགས་ལྟ་བུའོ།། གཉིས།ར་བཏགས་ཀྱི་དབང་གིས་མིང་གཞིའི་གདངས་འགྱུར་བའི་རིགས།ས་ར་བཏགས་སྲའི་གདངས་ཧྲའི་གདངས་ཀྱིས་ཀློག་པ་ཤིན་ཏུ་མང་པོ་འདུག་སྟེ།དཔེར་ན།རྡོ་སོགས་སྲ་མོ་ལ་ཧྲ་མོ་དང་།གོས་སྲབ་མོ་ལ་གོས་ཧྲབ་མོ།དངོས་རྫས་འདྲེས་པའི་དོན་གྱི་བསྲེས་ལ་དངོས་རྫས་བཧྲེས།ཡིན་པ་སོགས་ཀྱི་དོན་ཡིན་སྲིད་པ་ལ་ཡིན་ཧྲིས་པ།སྲོག་ཆགས་སྲམ་ལ་ཧྲམ།འབྲུ་རིགས་སྲན་མ་ལ་ཧྲན་མ།ཉིན་ངོས་དང་སྲིབ་ངོས་སོགས་ཉིན་སྲིབ་ལ་ཉིན་ཧྲིབ།ཚེ་སྲོག་གི་སྲོག་ལ་ཧྲོག་ལྟ་བུའོ།།གསུམ།མིང་གཞིའི་ཕ་ཧའི་གདངས་ཀྱིས་ཀློག་པ།མིང་གཞི་ཕ་ལ་ཧའི་གདངས་ཀྱིས་ཀློག་པ།དཔེར་ན།ཕ་མ་ལ་ཧ་མ།ཕལ་ཆེར་ལ་ཧལ་ཆེར།ཕམ་སོང་པ་ལ་ཧམ་སོང་།ཕན་ཐོགས་པ་ལ་ཧན་ཐོགས།ལུང་པ་སོགས་ཀྱི་ཕུག་ལ་ཧུག་དང་ལུང་པ་སོགས་ཀྱི་ཕུ་ཐག་ལ་ལུང་པའི་ཧུ་ཐག། ནང་ནས་ཕྱིར་ཕུད་པ་ལ་གྲལ་ནས་ཧུད།ཕོ་མོ་ལ་ཧོ་མོ་སོགས་ཤིན་ཏུ་མང་ངོ་།།བཞི།ཟླའི་གདངས་རྫའི་གདངས་ཀྱིས་ཀློག་པ།ཟ་ལ་བཏགས་ཟླའི་གདངས་རྫའི་གདངས་ཀྱིས་ཀློག་པ།དཔེར་ན།ལོ་ཟླ་ལ་ལོ་རྫ་དང་ཟླ་བ་ལ་རྫ་བ་ལྟ་བུའོ།ལྔ།རྗེས་འཇུག་ང་ཡོད་ཚེ་གི་གུའི་གདངས་ཆད་པ་ལྟར་ཀློག་པ།རྗེས་འཇུག་ལ་ང་ཡོད་ཚེ་གི་གུའི་གདངས་ཆད་པ།དཔེར་ན།སྐ་རགས་སོགས་ཀྱིས་སྡོམ་པའི་འཆིང་ལ་སྐ་རགས་འཆང་།སྒོམ་པར་བྱ་བའི་ཏིང་ངེ་འཛིན་ལ་ཏང་ངེ་འཛིན།ཕུ་བོ་དང་ནུ་མོ་སོགས་ཀྱི་མིང་སྲིང་ལ་མང་སྲང་།ཚད་སྟོན་བྱེད་ཀྱི་རིང་པོ་ལ་རང་པོ།ཤིང་སྡོང་སོགས་ཀྱི་ཤིང་ལ་ཤང་།དོན་སོགས་ཀྱི་སྙིང་པོ་ལ་སྙང་པོ།སོ་ནམ་པའི་ལས་ཀ་བྱེད་མཁན་གྱི་ཞིང་པ་ལ་ཞང་པ་སོགས་སོ།།

གཉིས་པ། ཁམས་པའི་སྐད་ལས་དམིགས་བསལ་གྱི་ཁྱད་ཆོས་འགའ།

གཅིག། རྗེས་འཇུག་ལ་ང་ཡོད་ཚེ་མིང་གཞི་ལ་ན་རོ་ཡོད་པ་ལྟར་ཀློག་པ།འགྲོ་བྱེད་ཀྱི་རྐང་པ་ལ་རྐོང་པ་དང་།གནས་སྡོད་བྱེད་སའི་ཁང་པ་ལ་ཁོང་པ།སྣོད་སོགས་དངོས་རྫས་བཀང་པའི་དོན་གྱི་གང་ལ་གོང་།བཏུང་བྱའི་ཆང་ལ་ཆོང་།ངོས་སྙོམ་པའི་ས་གཞི་ཐང་ལ་ཐོང་དང་སྤང་ཐང་ལ་སྤོང་ཐོང་།བང་སོགས་བསྒྲིག་པའི་བང་ལ་བོང་བསྒྲིག།ཚད་སོགས་མང་དྲགས་པ་ལ་མོང་དྲགས་པ།ཚད་ལོངས་པའི་དོན་གྱི་ཚང་ལ་ཚོང་སོགས་རྗེས་འཇུག་ལ་ང་ཡོད་ཚེ་མིང་གཞི་ཕལ་ཆེར་ན་རོ་ཡོད་པ་ལྟར་ཏུ་ཀློག་པ།གཉིས།རྗེས་འཇུག་ལ་ལ་ཡོད་ཚེ་མིང་གཞི་ལ་འགྲེང་བུ་ཡོད་པ་ལྟར་ཀློག་པ།དོ་པོ་འགེལ་སའི་ཕྱུགས་སོགས་ཀྱི་ཁལ་མ་ལ་ཁེལ་མ་དང་།གནད་དང་དོན་གྱི་རྩ་བ་སོགས་ཀྱི་གལ་འགག་ལ་གེལ་འགག། བསོད་ནམས་ཆེན་པོ་དང་གོ་སྐབས་བཟང་པོ་སོགས་ཀྱི་སྐལ་བཟང་ལ་སྐེལ་བཟང་།མའི་མིང་སྐལ་བཟང་ལ་སྐེལ་བཟང་།ལུག་གི་བལ་ལ་བེལ་དང་།བུ་ལོན་དང་ཚད་སོགས་འཇལ་བ་ལ་བུ་ལོན་དང་ཚད་འཇེལ།ཐུག་པའི་ཞེ་སའི་མཇལ་ལ་བླ་མ་མཇེལ་དང་ཆོས་མཇེལ་འགྲོ།བལ་པོ་ལ་བེལ་པོ་སོགས་སོ།།གསུམ།རྗེས་འཇུག་ལ་ན་ཡོད་ཚེ་མིང་གཞི་ལ་འགྲེང་བུ་ཡོད་པ་ལྟར་ཀློག་པ།དཀོན་མཆོག་ལ་དཀེན་མཆོག་དང་།དགོན་པ་ལ་དགེན་པ།གསལ་བའམ་རིག་པའི་མངོན་པ་ལ་མངེན་པ།གོ་དཀའ་བ་འགྲེལ་པའི་དོན་གྱི་མཆན་འགྲེལ་ལ་མཆེན་འགྲེལ།གཏན་འཁེལ་བ་ལ་གཏེན་འཁེལ་བ།ཕན་ཐོགས་པ་ལ་ཕེན་ཐོགས་པ།ཚད་དང་རན་པའི་རན་ལ་རེན།དྲི་བ་སོགས་ཀྱི་ལན་ལ་ལེན་སོགས་ལྟ་བུའོ།།བཞི།མིང་གཞི་ལ་ཙའི་གདངས་ཀྱིས་ཀློག་པ།དཀའ་སླའི་དོན་གྱི་སླ་མོ་ལ་སྩ་མོ་དང་།གནས་སུ་ཕྱིན་པའམ་འབྱོར་པའི་དོན་གྱི་སླེབས་ལ་སྩེབས་སོགས་ལྟ་བུའོ།།ལྔ།ཁམས་ཡུལ་ཤུལ་སོགས་ཀྱི་ས་ཆར་ཟླ་དང་རྫའི་གདངས་བརྗེ་པོ་བརྒྱབ་ནས་ཀློག་པ།ཁམས་ཡུལ་ཤུལ་སོགས་ཀྱི་ས་ཆར་ཟླ་དེ་རྫའི་གདངས་ལྟར་ཀློག་པ།དཔེར་ན།ལོ་ཟླ་ལ་ལོ་རྫ་དང་།ཟླ་བ་ལ་རྫ་བ་ལྟ་བུ་དང་།རྫ་དེ་ཟླའི་གདངས་ལྟར་ཀློག་པ།དཔེར་ན།བཤད་པའི་དོན་གྱི་བརྗོད་ལ་ཟློས་ལྟ་བུའོ།།

གསུམ་པ། དབུས་པའི་སྐད་ལས་དམིགས་བསལ་གྱི་ཁྱད་ཆོས་འགའ།

གཅིག། དབུས་པའི་སྐད་ཀྱི་ནང་ཞེ་སའི་ཚིག་མང་པ།སྔོན་གྱི་དུས་ཡུལ་དབུས་ནི་བོད་ཀྱི་སྲིད་འབྱོར་རིག་གསུམ་གྱི་ལྟེ་བ་ཡིན་པས།མི་དྲག་སྐུ་དྲག་དང་བླ་དཔོན་སོགས་འདུས་པའི་གནས་ཡིན་ལ།ཡུལ་ཕྱོགས་སོ་སོ་ནས་ཕེབས་པའི་བསླབ་པ་སློབ་གཉེར་དང་གནས་མཇལ་བ་སོགས་མང་།དེ་ཚོ་ནི་སྤྱིར་བཏང་གི་དཀྱུས་མ་དང་བསྡུར་ན་ཤེས་ཡོན་ལྡན་ལ་མི་སྤུས་བཟང་པ།ཕན་ཚུན་འབྲེལ་འདྲིས་ཁྲོད་ཞེ་ཚིག་བཀོལ་པ་མང་ལ་སྐད་ཀྱི་གདངས་ཀྱང་འཇམ་ལ་ལྷོད་པ།དེའི་རྐྱེན་ལས་དམངས་ཕལ་པའི་ཁ་སྐད་ཁྲོད་ལའང་ཞེ་སའི་ཚིག་ཕོན་ཆེན་ཐོན་ཡོད་དེ།དཔེར་ན།འགྲོ་ལ་ཕེབས་དང་།འདུག་ལ་ཞུགས།ཟ་ལ་མཆོད།ཉལ་ལ་གཟིམ་སོགས་དུས་རྒྱུན་ཁ་སྐད་ཁྲོད་ཤིན་ཏུ་མང་།གཉིས།རྗེས་འཇུག་ལ་ལ་ཡོད་ཚེ་མིང་གཞི་ལ་འགྲེང་བུ་ཡོད་པ་ལྟར་ཀློག་པ།དབུས་པས་ཁམས་པའི་སྐད་དང་འདྲ་བ་རྗེས་འཇུག་ལ་ལ་ཡོད་ཚེ་མིང་གཞི་ལ་འགྲེང་བུ་ཡོད་པ་ལྟར་ཀློག་པ།དཔེར་ན།དཔལ་འབྱོར་ལ་དཔེལ་འབྱོར།གལ་འགག་ལ་གེལ་འགག། ལུག་གི་བལ་ལ་བེལ་དང་།བལ་པོ་ལ་བེལ་པོ་སོགས་སོ།།གསུམ།འདོགས་ཅན་གྱི་ར་མེད་པ་ལྟར་ཀློག་པ།ཨ་མདོ་དང་ཁམས་པ་གཉིས་ཀྱི་འདོགས་ཅན་གྱི་ར་རྐྱང་པར་ཀློག་པ་མང་བ།དཔེར་ན།ཨ་མདོ་བས་བླ་བྲང་བཀྲ་ཤིས་འཁྱིལ་ཡོད་སའི་བླ་བྲང་ལ་བླ་རང་དང་།ཁམས་པས་གངས་རིའམ་གནས་རིའི་མིང་བཞག་བྲ་ལ་བཞག་ར།དར་མདོ་རྫོང་གི་བྲག་རྔ་ཁ་ས་ཆ་ལ་རག་རྔ་ཁ་ལྟ་བུ།འདིར་གསལ་བཤད་བྱ་དགོས་པ་ཞིག་ལ།མི་ཉག་སྐད་ཀྱི་ནང་བྲག་ལ་རག་ཟེར་ལ།སྔོན་རྟའུ་རྫོང་མན་ཆད་གྱིས་མི་ཉག་སྐད་བཤད་ལ།རག་རྔ་ཁ་ཡོད་སའི་ས་ཆ་དེ་ཡང་སྨད་མདོ་ཁམས་སྒང་དྲུག་གི་ཡ་གྱལ་མི་ཉག་རབ་སྒང་གི་འདབས་རོལ་བྲག་རི་ཞིག་གི་རྔ་མར་ཆགས་པས།མི་ཉག་སྐད་ཀྱི་ནང་གི་བྲག་དེ་རག་ལ་འདོན་པའམ་ཁམས་སྐད་ཀྱི་ཁྱད་ཆོས་ལས་རའི་འདོགས་ཅན་ཡོད་ཚེ་མིང་གཞིའི་སྒྲ་ཆད་དེ་རག་ལ་ཀློག་པ་གང་ཡིན་ད་དུང་དཔྱད་པར་འཚལ།དེ་ལས་ལྡོག་སྟེ་དབུས་པས་འདོགས་ཅན་ར་མེད་པ་ལྟར་ཀློག་པ།དཔེར་ན།འཚོ་བ་སོགས་གཞན་ལ་སློང་མཁན་གྱི་དབུལ་ཕོངས་སྤྲང་པོའི་སྤྲང་ལ་སྤང་དང་།སྤྲང་པོ་ལ་དབུས་པས་སྤང་མགོ་ཟེར།ས་ཆའི་མིང་ལས་ནག་ཆུ་ས་ཁུལ་གྱི་སྦྲ་ཆེ་རྫོང་ལ་སྦ་ཆེ་རྫོང་ཟེར་ལ།རྒྱ་སྐད་ལ་སྒྱུར་སྐབས་སྐད་ཐད་སྒྱུར་བྱས་ནས(巴青县)ཟེར་ལ།ཉིང་ཁྲི་ས་ཆའི་བྲག་གཡིབ་ལ་བག་གཡིབ་ཟེར་ལ།རྒྱ་སྐད་ལ་སྒྱུར་སྐབས་སྐད་ཐད་སྒྱུར་བྱས་ནས(八一区)ཟེར།ད་དུང་ས་དེ་གའི་བྲག་གསུམ་མཚོ་ལ་བག་གསུམ་མཚོ་ཟེར་ལ།རྒྱ་སྐད་ལ་སྒྱུར་སྐབས་སྐད་ཐད་སྒྱུར་བྱས་ནས(巴松措)ཟེར་བ་སོགས་ཡིག་སྐད་ལྟར་ཀློག་པའི་མིའི་ས་ཆ་ངོས་མི་ཟིན་སོགས་ཀྱི་དཀའ་ངལ་སྣང་ངོ་།།

བཞི་པ།སྐད་དང་ཡི་གེའི་གདངས་ཇི་ལྟར་གཅིག་གྱུར་སྐོར་གྱི་བསམ་ཚུལ་འགའ།

གོང་དུ་སྨྲས་པ་བཞིན།རོང་འབྲོག་གཉིས་ལས་འབྲོག་ཁུལ་གྱི་འཚོ་བ་བྱེད་སྟངས་དེ་གནམ་གཤིས་དྲོ་གྲང་གི་འགྱུར་བ་དང་རྩྭ་ཆུ་གཉིས་ལ་བརྟེན་ནས་ཡར་མར་གནས་སྤོས་པ་མང་ལ།གནས་སྡོད་བྱེད་སྐབས་ཀྱང་ཁྱིམ་མཚེས་དང་བར་ཐག་བསྲིངས་ནས་འཚོ་སྡོད་བྱེད་དགོས་པས།རོང་ཁུལ་དང་བསྡུར་ན་སྐད་ལ་དེ་འདྲའི་འགྱུར་བ་ཆེན་པོ་བྱུང་མེད།དེ་ལས་ལྡོག་སྟེ་རོང་ཁུལ་ནི་ཡུལ་ལུང་རེ་ན་གཏན་ཁེལ་པའི་ཁྱིམ་མཚེས་དག་དང་མཉམ་དུ་གཏན་ཆགས་ངང་འཚོ་སྡོད་བྱས་པས།ལུང་པའམ་སྡེ་བ་སོ་སོའི་སྐད་ལུགས་རེ་ཆགས་ལ།སྐད་ལུགས་དེ་ཡང་ཡུལ་ཕྱོགས་དེ་ག་རང་ལས་གོ་མི་ཐུབ་པའི་གནས་ཚུལ་ཤུགས་ཆེ།

ད་སྐབས་ས་གནས་ཕན་ཚུན་བར་གྱི་འགྲོ་འོང་སྟབས་བདེ་ལ།ཁ་པར་དང་བརྙན་འཕྲིན་སོགས་བརྒྱུད་ནས་མི་དང་མིའི་བར་འབྲེལ་བ་སྟབས་བདེ་ལ་བརྡ་འཕྲིན་སོགས་ཁྱབ་བསྒྲགས་འགྲོ་མགྱོགས་རུང་། བོད་ཐུན་མོང་ལ་ཁྱབ་པའི་སྐད་ཅིག་གྱུར་བྱུང་མེད་པས་སྐད་རིགས་གཞན་ཞིག་ལ་མ་བརྟེན་ཐབས་མེད་ཀྱིས་ཐབས་རྡུགས་ལ་ཡིད་སྐྱོ་བའི་གནས་ཚུལ་ཛ་དྲག་ལ་གལ་འགག་ཅན།མྱུར་སྐྱོབ་མ་བྱེད་ཐབས་མེད་ཀྱི་དོན་དག་ཅིག་ང་ཚོ་མི་རེ་ངོ་རེའི་ཕྲག་ཏུ་བབས་ཡོད།བོད་ཐུན་མོང་ལ་ཁྱབ་པའི་སྐད་གཅིག་གྱུར་ཐད།ང་ཚོར་ད་བར་དཀའ་ལས་ཁག་ཤོས་དེ།གལ་སྲིད་བོད་སྤྱི་ལ་ཁྱབ་པའི་སྐད་ཅིག་དགོས་ན་གཞིར་བཟུང་སའི་སྐད་དེ་བོད་ཡུལ་སྟོད་སྨད་བར་གསུམ་གང་གི་སྐད་ལ་གཞིར་བཟུང་དགོས་དེ་རེད་ལ།དེ་ལའང་ཤེས་ཡོན་པའི་སྡེ་ནས་ཀྱང་རང་ལྟ་མཆོག་འཛིན་གྱི་དབང་གིས་རང་རང་ས་ཆའི་སྐད་དམ།རང་ཉིད་ལ་ཆུང་དུས་ནས་གོམས་འདྲིས་སུ་སོང་པའི་སྐད་ཀྱི་སྟེང་ལ་གཞི་བཟུང་ན་ཡག་རབས་དང་བརྒྱན་རབས་ལུང་པ་གང་བཤད་ནས་ད་བར་ལྷག་བསྡད་པ་རེད།

རྐྱེན་ངན་གྲོགས་སུ་གྱུར་པ་ཞིག་ལ།ད་སྐབས་ཕྱི་སྡོད་བོད་རིགས་སྤུན་ཟླས་བེད་སྤྱོད་བཞིན་པའི་སྐད་དེ་བོད་ཡུལ་སྟོད་སྨད་བར་གསུམ་གྱི་གོ་ཐུབ་ལ།ཡིག་སྐད་དང་ཐག་ཉེ་ཤོས་དེ་གཞི་བཞག་ཐོག་ནས།ཐོག་མར་ཤེས་ཡོན་པའི་སྡེ་ནས་བོད་སྟོད་སྨད་བར་གསུམ་གྱི་ཡུལ་ལུང་སོ་སོའི་སྐད་ཀྱི་ཁྱད་ཆོས་དང་འགྱུར་བའི་ཆོས་ཉིད་ཤེས་པའི་སྟེང་ལ།སྐད་བརྡ་རིག་པའི་ཤེས་བྱ་དང་རྒྱལ་སྤྱིའི་སྒྲ་གདངས་ཀྱི་སྟེང་ནས་ཀ་ཁ་ནས་འགོ་བརྩམས་ཏེ་ཡི་གེའི་སྒྲ་གདངས་དང་ཀློག་སྟངས་གཏན་ལ་ཕབ་པ།དེ་ནས་འབྲེལ་ཡོད་སྡེ་ཁག་ལ་ཡར་ཞུའི་ཐོག། བཀས་གསར་དུ་བཅད་པའི་ཡི་གེའི་སྒྲ་གདངས་དང་ཀློག་སྟངས་དེ་ས་གནས་ཀྱི་སློབ་གསོའི་སྡེ་ནས་འགོ་བརྩམས་ཏེ།སྐད་ཡིག་དགེ་རྒན་རྣམ་པས་བཀས་གསར་དུ་བཅད་པའི་སྟེང་ནས་སློབ་མ་ཚོ་ལ་སློབ་ཁྲིད་དང་།བརྙན་འཕྲིན་དང་ཚགས་པར་སོགས་བརྒྱུད་ནས་བོད་ཡུལ་ཀུན་ལ་བསྒྲག་ཐུབ་ཚེ་དོན་འབྲས་བཟང་པོ་ཞིག་སྨིན་ངེས་རེད་སྙམ་མོ།།

དཀར་མཛེས་ཁུལ་མི་རིགས་སློབ་གསོ་ཚན་རིག་

ཞིབ་འཇུག་ཁང་། ༼ བློ་བཟང་ཆོས་འཕེལ། ༽