གཏད་སོ་མེད་པའི་འཁོར་བའི་རི་གྲོང་ནས། །
བདེ་སྡུག་ཆུ་ཡི་གཉེར་མ་ཤིག་ཤིག་གཡོ། །
དྲན་པའི་དབང་པོ་འགག་ལ་ཉེ་ན་ཡང་། །
སེམས་ཀྱི་སྨུག་པ་འདི་ནས་དྭངས་ཐབས་བྲལ། །
ལས་ཀྱི་བུ་མོ་ང་ཡི་ཡིད་ལ་ཕོག །
སྙིང་ཆུང་ངོས་སུ་གྲི་ཡིས་རྨ་ཁ་གཏོད། །
ན་ཟུག་འབུམ་གྱིས་ཡང་ཡང་གཙེས་པ་ཡིས། །
དྲན་པའི་རི་མོ་ཆུ་ཡིས་འདག་མི་ནུས། །
འཁོར་བ་ཁབ་ཀྱི་རྩེ་མོ་ཡིན་ན་ཡང་། །
ཆགས་ཞེན་མེད་པ་གནམ་འོག་འདི་ན་མེད། །
ལས་ཀྱིས་འཕྲད་པའི་གྲོགས་དང་ན་ཟླ་ཚོ། །
ང་ཡི་སེམས་ནང་མེ་ཏོག་ཆར་པ་ཡིན། །
སྟོན་གྱི་རང་མདངས་བདག་གི་སེམས་ལ་ལྷུང་། །
རྩི་ཤིང་ལོ་འདབ་དབང་མེད་རྒུད་པར་ཞུགས། །
དབང་མེད་ལས་ཀྱི་བཙོན་ར་འདི་ནང་ནས། །
སོས་དལ་ངང་ནས་འདུག་པའི་དུས་མི་འདུག །
ལོ་ཟླ་རེ་རེ་རི་གཟར་རྦབ་རྡོ་བཞིན། །
སྐད་ཅིག་མི་སྡོད་ཤུགས་ཀྱིས་བསྒྲིལ་ལ་ལྟོས། །
ང་ཡང་འཁོར་བའི་ནང་གི་མགྲོན་པོ་སྟེ། །
ཤུགས་དྲག་རླུང་གིས་གང་སར་དེད་བཞིན་གདའ། །
༼ རི་སྤྱང་། ༽