ཁམས་ཕྱག་ཕྲེང་ནི་མདོ་དབུས་མཐོ་སྒང་གི་ལྷོ་ཕྱོགས་སུ་གནས་པའི་ཞིང་ལས་ཐོན་སྐྱེད་ཕུན་སུམ་ཚོགས་པའི་རོང་ས་ཆེན་པོ་ཞིག་ཡིན། ཤར་ནས་འདབ་པ་རྫོང་དང་། ལྷོ་ནས་སེམས་ཀྱི་ཉི་ཟླ། ནུབ་ནས་འབའ་ཐང་དང་སྡེ་རོང་། བྱང་ནས་ལི་ཐང་བཅས་དང་འབྲེལ་ཡོད། རྫོང་མཁར་ལ་མཚོ་འཕགས་སྨི༢༨༦༥ཡོད། ༢༠༢༠ལོར་ཀྲུང་གོ་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་དམངས་ཁྲོད་རིག་རྩལ་པའི་མཐུན་ཚོགས་ཀྱིས་དཀར་མཛེས་ཁུལ་ཕྱག་ཕྲེང་རྫོང་ལ་ཀྲུང་གོའི་བོད་ཁང་དཀར་པོའི་རིག་གནས་འབྱུང་ཡུལ་ཞེས་པའི་མཚན་སྙན་སྤྲད་ཡོད་པ་རེད།
དེའང་ཕྱག་ཕྲེང་གི་བོད་ཁང་དཀར་པོའི་བཟོ་ལྟ་དང་ཉམས་འགྱུར། མཛེས་རྒྱན་ལག་རྩལ་དང་མཐོང་ཚོར་གྱི་རྒྱུ་རྐྱེན་གྲུབ་སྟངས་ཐད་ལ་རང་ངོས་སྒྱུ་རྩལ་གྱི་ཁྱད་ཆོས་འབུར་དུ་ཐོན་ཞིང་། དེའི་ནང་ནས་སྲོལ་རྒྱུན་གྱི་བོད་ལུགས་འཛུགས་སྐྲུན་གྱི་གཞི་རྩའི་ཁྱད་ཆོས་སོར་བཞག་ཐོག་རང་གཤིས་དང་ཐུན་མོང་གི་རང་བཞིན་གང་ལེགས་མཚོན་ཡོད། བོད་ཁང་དཀར་པོ་ནི་ཕྱག་ཕྲེང་གི་ཁྱད་ཆོས་ཤིག་ཡིན།
ཕྱག་ཕྲེང་གི་བོད་ཁང་གི་གྱང་ངོས་ཚང་མ་ས་གྱང་བརྡུངས་ནས་གྲུབ་པ་ཞིག་ཡིན་ལ། ཁང་པའི་ནང་ལ་ཤིང་གི་ཀ་བ་མང་པོ་ཡོད། ཁང་པའི་ཆེ་ཆུང་ནི་ཀ་བ་མང་ཉུང་ལ་བརྟེན་ནས་གྲུབ་ཅིང་། ཉུང་བ་ལ35དང་མང་བ་ལ118ཡོད། ཀ་བ་ཇི་ཙམ་ཆེ་ན་ཁང་པའང་དེ་ཙམ་ཆེ། ཕྱག་ཕྲེང་གི་བོད་ཁང་ཕལ་ཆེར་རྩེག་གསུམ་མམ་བཞི་ཅན་ཡིན་ཞིང་། ཞབས་ཐོག་ལ་སྒོ་ཕྱུགས་ཉར་བ་དང་བར་ཐོག་ལ་མི་སྡོད་པ། སྟེང་ཐོག་ནི་ཆོས་ཁང་ཡིན།
ཁང་པ་དཀར་པོའི་འབྱུང་ཁུངས་ལ་བཤད་སྲོལ་འདི་འདྲ་ཞིག་ཡོད་དེ། གནའ་སྔ་མོ་ཞིག་ལ་ལྷག་བསམ་རྣམ་པར་དག་ཅིང་མཛེས་སྡུག་ཡིད་དབང་འཕྲོག་པའི་ལྷ་མོ་ཞིག་ཕྱག་ཕྲེང་ལ་ཕེབས་དུས་ཁོང་གིས་ཕྱག་ཕྲེང་གི་ཁང་པའི་གྱང་ངོས་ཡོངས་རྫོགས་ནག་རོག་རོག་ཡིན་པ་དེ་མཐའ་འཁོར་གྱི་དྭངས་གཙང་མཛེས་སྡུག་གི་ཁོར་ཡུག་དང་མི་མཐུན་པར་དགོངས་ནས། ཤོར་ཆུ་ཕྱོགས་ཀྱི་བོད་ཁང་ལ་གཏད་ནས་སྤྱན་རས་གཟིགས་ཀྱིས་གནང་བའི་ས་དཀར་དེ་གཏོར་བས་ས་ཁ་ཤས་གྱང་ངོས་སུ་ལྷུང་བ་དང་ཡང་ས་འགའ་ཤས་ཆུ་འགྲམ་གྱི་བྲག་ཐོག་ཏུ་ལྷུང་ཞིང་། གྱང་ངོས་ལ་ཕོག་པས་གྱང་དེ་དཀར་ཞིང་གཙང་བ་ཞིག་ཏུ་གྱུར་པ་དང་བྲག་ཐོག་ལ་ལྷུང་བ་ནི་ད་ལྟ་གྱང་ངོས་ལ་བྱུགས་པའི་ས་དཀར་དུ་གྱུར་པ་རེད།།
( རྩོམ་སྒྲིག་པས་བསྡུས།)