ཉེ་ཆར། གསར་འགོད་པས་སྡེ་དགེ་རྫོང་ཨུ་དྲིལ་བསྒྲགས་པུའུ་ནས་ཤེས་རྟོགས་བྱས་བར་གཞིགས་ན། 2023ལོའི་རིག་གནས་དང་རང་བྱུང་ཤུལ་བཞག་ཉིན་མོའི་དྲིལ་བསྒྲགས་བྱེད་སྒོ་དེ་ཚེས6ཉིན་ཧྲན་ཤིས་ཞིང་ཆེན་ཐའེ་ཡོན་གྲོང་ཁྱེར་དུ་སྤེལ་བ་རེད། གཞུང་ཕྱོགས་ཀྱིས་རྒྱལ་ཡོངས་ན་གཞོན་གཟུགས་མེད་རིག་གནས་ཤུལ་བཞག་བརྒྱུད་འཛིན་པའི་རོགས་སྐྱོར་འཆར་གཞི་ལས2023ལོ་འཁོར་གྱི་བདམས་ཐོན་བྱུང་བའི་མིང་ཐོ་ཁྱབ་བསྒྲགས་བྱས་པ་དང་། རང་ཁུལ་གྱི་སྡེ་དགེ་རྫོང་སྨན་ཤོད་གྲོང་རྡལ་ནས་ཡོང་བའི་བོད་ཀྱི་མགར་བའི་ལག་རྩལ་གྱི་བརྒྱུད་འཛིན་པ་བུ་ཚེ་རིང་མིང་ཐོ་དེའི་ནང་ཚུད་ཡོད།
རྒྱལ་ཡོངས་ན་གཞོན་གཟུགས་མེད་རིག་གནས་ཤུལ་བཞག་གི་བརྒྱུད་འཛིན་པའི་རོགས་སྐྱོར་འཆར་གཞི་དེ2022ལོའི་སྤྱི་ཟླ11པར་ཀྲུང་གོའི་གཟུགས་མེད་རིག་གནས་ཤུལ་བཞག་སྲུང་སྐྱོབ་མཐུན་ཚོགས་ཀྱིས་གྲོས་འགོ་བཏོན་པ་དང་། རོགས་སྐྱོར་གྱི་འཆར་གཞི་ལྟར་ན། 2022ལོ་ནས2026ལོའི་བར་ལས་གཞི་དེས་ལོ45མན་ཆད་ཀྱི་ཕུལ་བྱུང་ན་གཞོན་གཟུགས་མེད་རིག་གནས་ཤུལ་བཞག་བརྒྱུད་འཛིན་པ100ལ་ཁག་ཐེངས5ཕྱེ་ནས་རོགས་སྐྱོར་བྱས་པ་རེད།2023ལོར་རྒྱལ་ཡོངས་སུ་ཁྱོན་མི806གིས་ཡིག་ཐོག་སྙན་ཞུ་ཕུལ་བ་དང་།ཐོབ་ཐང་ཞིབ་བཤེར་བྱས་པར་བརྒྱུད་ཆེད་མཁས་པ་ཚོ་ཆུང་གིས་ཐོག་མའི་འདེམས་བསྐོ་དང་བསྐྱར་འདེམས། ངོ་རྒྱུགས། ལས་གཞི་དོ་དམ་ཨུ་ལྷན་གྱིས་ཞིབ་བཤེར་གཏན་འབེབས་བྱས་པར་བརྒྱུད། མཐར་ཁག་དང་པོའི་ན་གཞོན་བརྒྱུད་འཛིན་པ20བདམས་པ་དང་ཆ་སྙོམས་ལོ་ཚད40ཡིན་ཞིང་། དེའི་ནང་ད་དུང་ལོ་རབས90པའི་ནང་སྐྱེས་པའི་མི་གཉིས་ཡོད་པ་དང་། བུ་ཚེ་རིང་ནི་དེའི་ནང་གི་གྲས་ཤིག་ཡིན།
བུ་ཚེ་རིང་ནི་ད་ཆ་སྲོལ་རྒྱུན་གྱི་ཟངས་མགར་སྒྱུ་རྩལ་མཁྱེན་ལོ་བཟོ་རའི་མི་རབས་བདུན་པའི་བརྒྱུད་འཛིན་པ་རེད། བོད་ཀྱི་ལྕགས་རིགས་རྡུང་བཟོ་ལག་རྩལ་དེ2011ལོར་རྒྱལ་ཁབ་རིམ་པའི་གཟུགས་མེད་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་ལས་གཞིའི་མིང་གཞུང་ཁག་གསུམ་པར་ཚུད་ཡོད། དེ་སྔ་ཁོ་ལ་ཀྲུང་གོའི་བཟོ་རྩལ་མཛེས་རྩལ་རིག་གནས་གསར་གཏོད་བྱ་དགའ་ཐེངས་གཉིས་ཐོབ་པ་དང་། ལྕགས་རིགས་ཀྱི་གསར་རྩོམ་བརྩམས་ཆོས་ཤིག་ལ་སྐབས་བཅོ་ལྔ་པའི་ཀྲུང་གོའི་བཟོ་རྩལ་རིག་གནས་གསར་གཏོད་བྱ་དགའ་ཡི་དངུལ་གྱི་བྱ་དགའ་ཐོབ་ཡོད།
ལོ་དེ་དག་ནང་ས་གནས་རང་གི་མི་དེ་བས་མང་པོས་ལག་རྩལ་དེ་བརྒྱུད་འཛིན་བྱ་རྒྱུར་སྐུལ་ཁྲིད་བྱ་ཆེད། བུ་ཚེ་རིང་གིས་ཕ་དང་སྤུན་མཆེད་རྣམས་དང་མཉམ་དུ་མཁྱེན་ལོ་བཟོ་ར་བཙུགས་པ་རེད། བཟོ་ར་ས་གནས་དེ་གའི་རྩེར་སོན་ལག་རྩལ་པ30ལྷག་བསྡུས་ནས་སློབ་ཡོན་མི་ལེན་པར་དགེ་ཕྲུག200ལྷག་གསོ་སྐྱོང་བྱས་ཡོད། 2019ལོར་མཁྱེན་ལོ་བཟོ་ར་ནི་ཀྲུང་གོའི་བོད་ཀྱི་ལག་ཤེས་བཟོ་རྩལ་ཐོན་རྫས་བཟོ་ཁང་གཅིག་པུ་ཡིན་པས། དབྱི་ཐ་ལིའི་སྨི་ལན་སྐབས་ཉེར་བཞི་པའི་རྒྱལ་སྤྱིའི་ལག་ཤེས་བཟོ་རྩལ་ཐོན་རྫས་འགྲེམས་ཚོགས་ནང་ཞུགས་ཡོད། 2020ལོར་མཁྱེན་ལོ་བཟོ་རས་གློག་རྡུལ་ཚོང་དོན་བརྒྱུད་ཉིན་རེར་ཐོན་རྫས་རྐྱང་པའི་ཕྱིར་འཚོང་གྲངས་འབོར1000ལས་བརྒལ་ཏེ། ཉིན་རེའི་ཕྱིར་ཚོང་བྱེད་ཚད་སྒོར་ཁྲི58ལས་བརྒལ་པའི་ཟིན་ཐོ་བཀོད་ཡོད་པ་རེད།། ( བདེ་ཆེན་གྱིས་བསྒྱུར།)