༡
ཁྱོད་ཀྱི་པང་ཁུག་དེར་ཐོག་མར་ཐོན་པ་ཧ་ཅང་གྲང་།
འོན་ཀྱང་། བློས་གཏོང་མང་པོ་ཞིག་བྱས་ཟིན་པས།
རྨ་ཁ་མེད་པར་ན་ཟུག་ལྕི།
༢
མ་འོངས་རེ་རེའི་ངོས་ལ།
སྣ་མི་གཅིག་པའི་ཡིད་བརྙན་རེ་འཆར་སྐབས།
ཁ་གྲག་རྒྱུ་མེད་པའི་མེ་ལོང་དེས།
བདག་གི་རྨི་ལམ་ཇེ་ཟབ་ཏུ་བཏང་།
༣
འཁྱག་སིམ་སིམ་གྱི་གྲང་ངར་ཐེངས་གཅིག་གི་རྗེས་སུ།
འཇའ་ཚོན་གྱིས་བྲིས་པའི་གཞུང་ལམ་རིང་མོ།
ག་ཙམ་ལག་རྙོབ་བྱས་ཀྱང་།
བར་སྣང་སྟོང་པ་ལས་ཅིའང་མ་ལུས།
༤
ཕྱི་རོལ་ན། ཁ་བའི་གྲང་འདར་གང་སར་མཆེད།
ནང་སེམས་ན། སྨྲེང་བའི་དངན་པ་རླུང་གིས་སྐྱོད།
ཡིན་ཡང ལོ་ཟླ་ལ་སེམས་མེད་པས།
འཁྱག་རྡུལ་གྱི་འཚོ་གནས་རེ་རེ་ཡང་ཡང་མངའ།
༥
རྡོ་འཁྱག་ལས་གྲུབ་པའི་ར་བ་འདི་ནས།
བརྗེད་དུ་མེད་པའི་གསང་ཡིག་མང་པོ།
དྲན་གདུང་གིས་བྲིས་མོད།
ལོ་ཟླའི་ཁྲིད་པའི་ངལ་དུབ།
འཇའ་ཚོན་ལྟར་ལག་པས་འཛིན་ཐབས་མ་བྱུང་།
༦
སྐར་ཚོགས་དང་བསིལ་རླུང་ལྡང་བའི་དོ་ནུབ།
ཁེར་ཧྲེང་ངང་བས་མཐའ་ནས།
ཡོད་ཚད་ཉམ་ཆུང་གི་ལག་པ་འདར་གྱིན།
ཅི་ཞིག་འཚོལ་བཞིན་པ་འདྲ་བའི་ལུག་ཁྱུ།
སྤྱང་ཚོགས་རྒྱུ་བའི་ལམ་བར་དང་འདྲ་བར
འོད་ཟེར་གྱི་ཕྱི་ནང་དབེན་ཞིང་སྟོང་།
༧
ལན་རེར། རང་ཉིད་ལ་སྤྲོ་སྣང་གིས་དབེན་སྐབས།
ཕྱི་རོལ་གྱི་བཙའ་ཆགས་པའི་མི་རྟག་པ་རིམ་གྱིན།
ནམ་མཁའ་སྟོང་པ་ཞིག་ལ་ལག་གཉོབ་བྱས།
༨
གཙང་པོའི་ཁ་ན་རྒྱུ་བའི་ཀོ་གྲུ།
འགྲོ་སའི་ལམ་ཐག་རིང་ཡང་ཐུང་ཡང་།
སྐྱ་གདུང་མོད་པའི་བྱེ་ཐང་ནས།
གོམ་པ་ཆུང་ཆུང་དེ་འབོར་དུ་མ་བཅུག།