མཐོན་མཐིང་གི་མཁའ་དབྱིངས་སུ།
རླུང་འཚུབ་ཀྱི་བཞུར་རྒྱུན།
དམར་པོ་ཡི་ལོ་རྒྱུས།
གསར་གཏོད་ཀྱི་གླུ་དབྱངས།
ཡིད་དགའ་བའི་མེ་ཏོག་གི་ཆར་པ།
ཀུན་ཕན་གྱི་སྦྲང་རྩི། མདོར་ན།
ལོ་ལེགས་ཀྱི་སྙེ་མ་འཇོ་བའི་ཁྲོད་ན།
ལང་ལོང་དུ་འཁྲིགས་པ་ནི།
རྒྱལ་ཁམས་ཕྱོགས་མེད་དུ་འཕྱོ་བའི།
ཚངས་མགུར་ནང་ལ་ཐིམ་པའི་རྦབ་ཆུ་རེད།
ཚངས་དབྱངས་རྒྱ་མཚོ།
ཁྱེད་ཀྱི་ཆུ་ཤེལ་དང་འདྲ་བའི་སེམས་པ།
ཚངས་མགུར་ནང་ཐིམ་པས།
ལན་རེར་མེ་ཏོག་གི་ཆར་པ་འབབ་ཅིང་།
ཆུ་འཛིན་གྱི་འདབ་མ།
མཐོ་ཞིང་བརྗིད་པའི་མཁའ་ཀློང་ནས།
ཆིལ་ཆིལ་དུ་ལོག་ཡོང་དུས།
ཁྱོད་ནི་རྡོ་ལ་བྲིས་པའི་ལོ་རྒྱུས་ཀྱི་མིག་ཆུ་རྡོག་
གཅིག་སྟེ།
ཧི་མ་ལའི་གླེགས་བམ་གྱི་གསེབ་ལ་བཅུག་པའི།
བདུད་རྩི་ནད་འཇོམས་ཀྱི།
ཚངས་མགུར་ནང་ལ་ཐིམ་པའི་དྭངས་
གཙང་གི་བཅུད་ལྡན་དེ་ཡིན།
ཚངས་དབྱངས་རྒྱ་མཚོ།
ཁྱེད་ནི། བླ་མཁར་གྱི་རྩིག་ནས་རྙེད་པའི་
པོ་ཏི་ཡུག་གཅིག་སྟེ།
ཕྲག་ཏུ་འཁུར་ཚེ།
ཡུལ་གྱུར་གྱི་ལྟོགས་སྐོམ་གསོ་བའི།
དྲོད་མ་ཡལ་བའི་སྦྲང་དཀར་རྩམ་པ་དང་།
ཞོགས་པའི་མདུན་སྐྱོད་དུ།
འོད་སྣང་དང་དྲོད་སྐྱིད་སྩོལ་བའི།
རྙེད་པར་དཀའ་བའི་ལོ་རྒྱུས་ཀྱི་སྙིང་རྩ་
དམར་པོ་དེ་ཡིན་ཨང་།