རྒྱང་རིང་དུ།
རེ་བ་མེད་པའི་དུས་རབས་ཤིག་ལས་མི་འདུག།
རྒྱང་རིང་དུ།
ཆད་ཨེ་འགྲོ་སྙམ་པའི་སྐྲ་ཉག་གི་གཞུང་ལམ་
ཞིག་ལས་མི་འདུག།
རྒྱང་རིང་དུ།
ལག་མཐིལ་དུ་བབས་པའི་བུ་ལོན་གྱི་རི་མོ་ཞིག་
ལས་མི་འདུག།
ངས་འུར་ཟིང་གི་ལོ་ཟླ་བཤིག་ནས།
ཁུ་སིམ་མེར་མིག་ཟུང་བཙུམས་ཤིང་།
རང་ཉིད་བཙལ་མོད།
ང་རང་སོང་ཟིན་པའི་ལམ་བུ་དེ་ཡིན་པ་ལས།
སང་ཉིན་གྱི་ཉི་འོད་ལ་ཁེན་པའི་མི་དེ་བྱ་ཐབས་བྲལ།
དེ་བས། ངས་རང་ཉིད་ཀྱི་གོམ་སྒྲ་བོར་སོང་།
རྨི་ལམ་གྱི་རྟ་ཕོ་དེ་བོར་སོང་།
མ་འོངས་པ་ཞེས་པའི་རྟོག་བཏགས་ཀྱི་ནམ་མཁའ་དེ་ཡང་བོར་སོང་།