( པར་ངོས་དང་པོར་མཐུད།)ཁྱོན་ཡོངས་ཀྱི་འཆར་འགོད། ས་ཁུངས་ཡོངས་སྐྲུན་པ། དམངས་ཡོངས་ཞུགས་པ་བཅས་ལ་བརྩིས་ནས་དཀར་མཛེས་ཁུལ་གྱི་ས་ཁོངས་ཡོངས་སུ་དར་རྒྱས་དང་འཕེལ་རྒྱས་ཤུགས་ཆེན་ཕྱིན་པའི་རིག་གནས་ཡུལ་སྐོར་ཐོན་ལས་རྒྱ་སྐྱེད་དུ་ཕྱིན་ནས་རིམ་བཞིན་དཀར་མཛེས་ཁུལ་གྱི་རིག་གནས་ཡུལ་སྐོར་ཁྲོམ་ར་དང་བར་ཁོངས་སུ་ཆགས་ཡོད།
2016ལོར་རང་ཁུལ་རྒྱལ་ཁབ་ཀྱི་ས་ཁོངས་ཡོངས་སུ་ཡུལ་སྐོར་དཔེ་སྟོན་ཁུལ་སྐྲུན་པའི་ཚན་འབོར་ཁག་དང་པོའི་ནང་ཚུད་ནས་རྒྱལ་ཁབ་ཀྱི་ས་ཁོངས་ཡོངས་སུ་ཡུལ་སྐོར་དཔེ་སྟོན་ཁུལ་སྐྲུན་པའི་ལས་དོན་དངོས་སུ་སྤེལ་འགོ་བཙུགས་པ་རེད།
དཀར་མཛེས་ཁུལ་གྱི་ས་ཁོངས་ཡོངས་སུ་ཡུལ་སྐོར་ལ་སྐུལ་འདེད་ཤུགས་ཆེན་གཏོང་བར་ཐོན་ཁུངས་ཀྱི་ལེགས་ཆ་མཐོང་རྒྱུ་ཡོད་པ་ཕུད། ད་དུང་གནས་མཆོག་དཀར་མཛེས་ཁུལ་དང་རིག་གནས་ཡུལ་སྐོར་གྱི་དཀར་མཛེས་ཁུལ། དུས་བཞིའི་དཀར་མཛེས་ཁུལ་སོགས་ཡུལ་སྐོར་སྤུས་རྟགས་དཀར་མཛེས་ཁུལ་གྱི་ཡུལ་སྐོར་མིང་བྱང་དུ་བརྩིས་ནས་ཁྱབ་གདལ་བཏང་བ་ལ་རག་ལས་ཡོད། རྒྱལ་ཁབ་ཀྱི་ས་ཁོངས་ཡོངས་སུ་ཡུལ་སྐོར་དཔེ་སྟོན་ཁུལ་དང་། Aརིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ། རྒྱལ་ཁབ་རིམ་པའི་ཡུལ་སྐོར་སྤྲོ་གསེང་ཁུལ། སི་ཁྲོན་ཡུལ་སྐོར་གྲགས་ཅན་རྫོང་དང་། གྲགས་ཅན་གྲོང་རྡལ། གྲགས་ཅན་གྲོང་སྡེ། གྲགས་ཅན་ཐོན་རྫས་སོགས་གྲགས་ཅན་ཚོང་རྟགས་རབ་དང་རིམ་པ་བཏོད་པ་དང་ཆབས་ཅིག་རིག་གནས་ལ་བརྟེན་པའི་ཡུལ་སྐོར་གྱི་ལས་རྣམ་གསར་པ་དང་ཐོན་རྫས་གསར་པས་རྒྱ་ཆེ་བའི་ཡུལ་སྐོར་བའི་བསམ་པའི་རིག་གནས་ཀྱི་དགོས་མཁོ་རྒྱུན་མི་ཆད་པར་བསྐོངས་ཡོད།
རང་ཁུལ་ནི་ཀྲུང་གོའི་ཡུལ་སྐོར་བྱེད་ཚད་མཐོ་བ་དང་ཡུལ་སྐོར་བའི་གདེང་འཇོག་ལེགས་པའི་ས་ཁོངས་ཡོངས་ཀྱི་ཡུལ་སྐོར་བྱ་ཡུལ་གྱི་གྲས་ཤིག་ཡིན། 2022ལོའི་ཞིང་ཆེན་རིག་གནས་ཡུལ་སྐོར་ཐིང་གི་འཕྲིན་སྦྱོར་གསར་པའི་ཁྱབ་སྒྲོག་ནུས་པའི་སྟོན་གྲངས་ཐེངས་ལྔ་པའི་མིང་གྲལ་ཁྲོད་དཀར་མཛེས་ཁུལ་གྱི་རིག་གནས་ཡུལ་སྐོར་ལ་ཨང་དང་པོ་ཐེངས་བཞི་པ་ཐོབ་པ་རེད། རྒྱལ་ཡོངས་ཀྱི་ཡུལ་སྐོར་བྱ་ཡུལ་ཁྲི1.6ཁྲོད་དཀར་མཛེས་རིག་གནས་ཡུལ་སྐོར་གྱི་ཤུགས་རྐྱེན་ཐེབས་ཤུགས་ཨང་བདུན་པར་སླེབས་ཡོད། དྲྭ་ཐོག་ཡུལ་སྐོར་མ་རྩའི་སྟོན་གྲངས་རྒྱལ་ཡོངས་ཀྱི་ཞིང་ཆེན་དང་གྲོང་ཁྱེར་རིམ་པའི་གྲོང་ཁྱེར་ཚང་མའི་ཁྲོད་ཨང་དྲུག་པར་སླེབས་ཡོད། དྲྭ་གྲགས་ཀྱིས་དཀར་མཛེས་ཁུལ་གྱི་ཡུལ་སྐོར་ཕྱིར་ཕྱོགས་སུ་དྲིལ་བསྒྲགས་ཤུགས་ཆེན་བྱས་ནས་འཕེལ་རྒྱས་མྱུར་པོ་འགྲོ་བའི་ཉམས་མྱོང་དང་བྱ་ཐབས་ཞིང་ཆེན་ཡོངས་སུ་ཁྱབ་གདལ་བཏང་བ་རེད། བཞུར་ཚད་ཀྱི་ལེགས་ཆ་དེ་བཞུར་ཚད་དཔལ་འབྱོར་དུ་བསྒྱུར་པ་དང་། བསམ་ཡུལ་ལས་འདས་པའི་དྲྭ་རྒྱའི་བཞུར་ཚད་ཀྱིས་ཡུལ་སྐོར་བ་མང་པོ་བསྐུལ་ནས་རང་ཁུལ་གྱི་ས་ཁོངས་ཡོངས་སུ་ཡུལ་སྐོར་ལ་སྐུལ་འདེད་ཐེབས་ཏེ་ཐོན་ལས་གཞི་ཁྱོན་སྐས་རིམ་གསར་པ་ཞིག་ཏུ་སླེབས་པ་དང་། ཐོན་ལས་ཁྱབ་ཚུལ་དེ་འགོ་འཛུགས་ས་གསར་པ་དང་། རྨང་གཞིའི་སྒྲིག་བཀོད་གསར་པ་ཐོན་པ། གྲོང་སྡེ་ཡུལ་སྐོར་དེ་ཀུན་གྱིས་དོ་སྣང་བྱ་ཡུལ་གསར་པ་ཞིག་ཏུ་གྱུར་པ། དུས་ཆེན་གྱི་བྱེད་སྒོ་དེ་བཀྲག་མདངས་འཚེར་ས་གསར་པ་ཐོན་པ། རིག་གནས་དང་ཡུལ་སྐོར་མཉམ་འདྲེས་ལ་གསོན་ཤུགས་གསར་པ་འཕེལ་བ་བཅས་ཀྱི་རྣམ་པ་ལྔ་མངོན་ཡོད་པ་རེད།
སྤུས་ཚད་མཐོན་པོས་རྒྱལ་སྤྱིའི་སྐྱེ་ཁམས་རིག་གནས་ཡུལ་སྐོར་བྱ་ཡུལ་བསྐྲུན་དགོས།
2022ལོའི་ཟླ་བ6པར་དཀར་མཛེས་ཁུལ་གྱི་རིག་གནས་དང་ཡུལ་སྐོར་འཕེལ་རྒྱས་ཚོགས་ཆེན་འདབ་པ་རྫོང་དུ་འཚོགས་པ་རེད། ཚོགས་འདུར་རང་ཁུལ་གྱིས་རྒྱལ་སྤྱིའི་སྐྱེ་ཁམས་རིག་གནས་ཡུལ་སྐོར་བྱ་ཡུལ་བསྐྲུན་རྒྱུ་དམིགས་ཚད་བྱས་ནས།“འཕྲེད་བཅད་རི་བོ་ཆེན་པོ་དང་མཉམ་འདྲེས་ཆེན་པོ། མཛེས་ལྗོངས་ཆེན་པོ”བཅས་ཀྱིས་སྤྱི་འདོམས་བྱེད་པ་དང་། རྒྱལ་ལམ318ཀྱི་ཀྲུང་གོའི་མཛེས་ལྗོངས་ལམ་ཆེན་མཛེས་ཤོས། རྒྱལ་ལམ317གྱི་མཐོ་སྒང་གི་དར་གོས་ལམ་བུའི་རིག་གནས་བར་ཁྱམས། “ས་ཁོངས་ཡོངས་སུ་རྟེན་རྫས་བཤམས་མཛོད་ཁང་གི་ཁུལ”བསྐྲུན་རྒྱུ་བཅས་རྨང་གཞིར་འཛིན་པ་དང་། འདབ་པའི་གནམ་རིག་དང་མི་ཆོས། སྐྱེ་ཁམས། མི་རིག་སྣ་ཚོགས་བཅས་ཀྱི་ཡུལ་དུས་ཧྲིལ་པོའི་ཡུལ་སྐོར་བྱ་ཡུལ་གསར་པ་གཏོད་རྒྱུ་དེ་འཕར་གཞི་གསར་པ་ཞིག་ཏུ་བརྩི་བ་དང་། ཤམ་བྷ་ལ་ཆེན་པོ་དང་གངས་དཀར་ཆེན་མོ། ཁམས་པའི་རིག་གནས། གསར་བརྗེའི་རིག་གནས་སོགས་ཐོན་ཁུངས་གཙོ་བོ་ལ་བརྟེན་ནས་ས་ཁོངས་ཡོངས་སུ་འཕེལ་རྒྱས་དང་དམངས་ཕན་དམངས་ཕྱུག་གི་དེང་རབས་ཅན་གྱི་རིག་གནས་དང་ཡུལ་སྐོར་ཐོན་ལས་ཀྱི་མ་ལག་ཅིག་ཆགས་པ་བྱས་ཡོད།
རང་ཁུལ་གྱི་ས་ཁོངས་ཡོངས་སུ་ཡུལ་སྐོར་ལ་སྐུལ་འདེད་གཏོང་བའི་བརྒྱུད་རིམ་ནང་ཕུན་སུམ་ཚོགས་པའི་ཡུལ་སྐོར་ཐོན་ཁུངས་དང་། རིག་གནས་ཀྱི་རྨང་གཞི་གཏིང་ཟབ་པ། མངོན་གསལ་དོད་པའི་སྐྱེ་ཁམས་ལེགས་ཆ་བཅས་ནི་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མང་པོ་ཞིག་གིས་དགའ་པོ་བྱེད་པའི་རྒྱུ་རྐྱེན་གལ་ཆེན་ཞིག་རེད། ཉེ་བའི་ལོ་ཤས་རིང་། རང་ཁུལ་གྱིས་རྒྱལ་སྤྱིའི་སྐྱེ་ཁམས་རིག་གནས་ཡུལ་སྐོར་བྱ་ཡུལ་གྱི་སྤྱིའི་དམིགས་འབེན་ལ་དམིགས་ནས། རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་ཚད་མགྱོགས་སུ་གཏོང་བ་དང་། རིག་གནས་ཡུལ་སྐོར་འཕེལ་རྒྱས་ཀྱི་གནད་འགག་དམ་འཛིན་བྱས་ཏེ། རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་མ་དངུལ་དང་ཡུལ་སྐོར་སྤྲོ་གསེང་སྲང་ལམ། གསར་དར་ཡུལ་སྐོར་ཐོན་རྫས། ཞག་སྡོད་ལས་རིགས། རིག་གནས་ཡུལ་སྐོར་དུས་ཆེན་འདུ་ཚོགས་བྱེད་སྒོ། ཡུལ་སྐོར་སྤུས་ཚད། ས་ཁོངས་ཡོངས་སུ་ཡུལ་སྐོར་དཔེ་སྟོན་ཁུལ། སི་ཁྲོན་ཡུལ་སྐོར་གྲགས་ཅན་རྫོང་དང་། རྩེར་སོན་ཡུལ་སྐོར་ཁྲོམ་ར་གསར་འབྱེད་དང་དྲྭ་གྲགས་ཀྱིས་བཞུར་ཚད་འདྲེན་པ། རྟེན་རྫས་བཤམས་མཛོད་ཁང་འཛུགས་སྐྲུན་བཅས་བྱ་དགའ་དང་ཁ་གསབ་མ་དངུལ་རིགས9ནས་འགོ་བཙུགས་ཏེ་བཏོན་པའི《རང་ཁུལ་གྱིས་རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་བར་སྐུལ་མ་གཏོང་བའི་བྱ་ཐབས》དེས་ཁུལ་ཡོངས་ཀྱི་སྐྱེ་ཁམས་རིག་གནས་ཡུལ་སྐོར་མགྱོགས་མྱུར་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ནུས་ལྡན་ཐུབ་ཡོད།
ཁུལ་རིག་གནས་རླུང་འཕྲིན་བརྙན་འཕྲིན་ཡུལ་སྐོར་ཅུས་ཀྱིས་བསྡོམས་རྩིས་བྱས་པར་གཞིགས་ན། ད་ལོའི་ཟླ་བ་དང་པོ་ནས་ལྔ་པའི་བར་ཁུལ་ཡོངས་ཀྱི་ཡུལ་སྐོར་སྣེ་ལེན་བྱེད་ཚད་མི་ཁྲི1200ལས་བརྒལ་ཡོད་པ་རེད།། ( བདེ་སྐྱིད་ཀྱིས་བསྒྱུར།)