ཉི་ཟླ་གཉིས་ཀ་ཡང་ཡང་འཆར་ས་ཡི།།
ཤར་གྱི་ཉག་ཁར་བརྩེ་འདང་ལྷག་མ་འཆོར།།
མིག་གིས་རྒྱང་རིང་རི་བོར་ཡང་ཡང་བལྟས།།
ཅི་ཡང་མ་མཐོང་ཅི་ཡང་མ་རྙེད་པར།།
རེ་ཐག་ཆད་ཅིང་ངལ་ཞིང་དུབ་པའི་ཚེ།།
རི་བོའི་མགུལ་ནས་བདེན་པའི་དབྱངས་ཐོས་ཤིང་།།
ཡིད་ཀྱི་ངལ་བ་དག་ཀྱང་དབྱིངས་སུ་ཡལ།།
སྣང་བའི་ཁམས་ནས་ཤོར་བའི་འགྱུར་ཁུག་དེ།།
རྟ་ཕོ་མཐུར་མེད་ཅིག་གི་བང་རྩལ་བཞིན།།
ངེས་མེད་རྒྱང་རིང་ཁྱོད་ཀྱི་སྙན་ལམ་དུ།།
ཡང་ཡང་གྲགས་ཤིང་ཡིད་སེམས་གསོ་ནུས་ན།།
ངས་ནི་ཉིན་བཞིན་དབྱངས་དང་བསྲེས་ན་འདོད།།
སྟོན་མཇུག་རླུང་བུས་གདོང་གི་འཛུམ་མདངས་ལ།།
བསླུ་བྲིད་ཐེབས་ཤིང་རྨ་ཁ་བཟོས་ལགས་སམ།།
༼ ཞལ་དཀར། ༽