སྐྱོ་སྐྱོས་གནང་བའི་ལེགས་སྐྱེས་མེད་གྱུར་ན།
མིག་ལ་ཐོགས་པའི་རང་བྱུང་ཁམས་མེད་གྱུར་ན།
འཁྱགས་ཀྱིས་བཟུང་བའི་སྨྲེང་གླུ་མེད་གྱུར་ན།
འདུན་མར་འཁོར་བའི་ཡིག་འབྲི་འཁྱལ་
ཁྱོལ་མེད་གྱུར་ན།
དབྱངས་ཀྱི་ལེའུར་འཐམ་པའི་མཛུབ་མོ་མེད་གྱུར་ན།
དྲན་གདུང་རྨས་པའི་ན་ཟུག་གི་རལ་གྲི་མེད་གྱུར་ན།
སྙན་དེབ་ཀློག་ཞོར་རྣམ་རྟོག་འཁྲེངས་
བ་མེད་གྱུར་ན།
ཆར་པ་ཤག་ཤག་གི་ཁྲོད་ཀྱི་མཚན་མོའི་མེ་
ཕུང་མེད་གྱུར་ན།
ཟླ་འོད་སྒྲིབ་པའི་བརྩེགས་རིམ་གྱི་སྤྲིན་པ་
མེད་གྱུར་ན།
ཞེན་ཆགས་དང་རྨི་ལམ་གྱིས་བཞེངས་
པའི་ཕོ་བྲང་མེད་གྱུར་ན།
ས་རྩོད་ཆུ་རྩོད་ཀྱི་ངག་གི་སྒོ་མོ་མེད་གྱུར་ན།
ཨ་ཕས་སྲུང་པའི་ནོར་ཁྱུ་དང་ལུག་ཁྱུ་མེད་གྱུར་ན།
རྟ་ཁྱུ་དེད་པའི་རླུང་འཚུབ་མེད་གྱུར་ན།
རྨོ་མོས་བོར་བའི་དུ་བ་མེད་གྱུར་ན།
སྒྲོལ་མས་སྒོ་དར་བཏགས་པའི་མཁར་
རྫོང་མེད་གྱུར་ན།
དེའི་ནང་གི་བྱིས་པ་དང་དགོད་སྒྲ་མེད་གྱུར་ན།
ཞོགས་པར་བཏབ་པའི་སྐྱོ་སྣང་མེད་གྱུར་ན།
རེ་སྒུག་གི་ལོ་ཟླ་མེད་གྱུར་ན།
ད་དུང་།
མི་བསད་རྟ་འཕྲོག་བྱུང་བའི་ཁ་བརྡ་མེད་གྱུར་ན།
སྐྲ་ལོ་བཞིན་དུ་ལུས་དང་མི་འབྲལ་
བའི་མེ་མདའ་མེད་གྱུར་ན།
དངངས་སྐྲག་དང་བརྩེ་དུང་མེད་གྱུར་ན།
མཛེས་ལྗོངས་དང་ཧམ་སེམས་མེད་གྱུར་ན།
འཕྲིན་ཡིག་དང་རྒྱབ་གཟུགས་མེད་གྱུར་ན།
ལྷན་པ་སྦྱར་བའི་ཉི་འོད་མེད་གྱུར་ན།
འཁོར་བ་མེ་ལོང་དུ་ཤར་བ་ཇི་ལྟར་འཛིན།
ཞི་བ་རང་སེམས་ཡིན་པར་ཇི་ལྟར་གོ།
༼ རྣལ།༽