国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






སེམས་གཅོང་བའི་ སྒྲ་དབྱངས།

ཁྱོད་རང་དང་ཐོག་བྱིས་པ་ཆུང་ཆུང་དུས། །

སེམས་ཀྱི་ནང་ལ་རབ་རིབ་རྙོག་འཛིང་མེད། །

ནམ་མཁའ་གཡའ་དག་བར་སྣང་ཇི་བཞིན་དུ། །

སྤྲིན་དཀར་འདབ་མ་ཁྱོད་ཀྱི་ལང་ཚོ་ཡིན། །

རྣམ་རྟོག་ལས་ཀྱི་རླུང་བུ་གཡུག་ཆེ་ནས། །

དྲན་པའི་རི་མོ་རབ་རིབ་མག་མོག་གྱུར། །

དུས་ཀྱི་ཆུ་བོ་མི་སྡོད་བཞུར་ན་ཡང་། །

ཁྱོད་རང་སྔར་བཞིན་རི་བོ་བཞིན་དུ་བརྟན། །

མེ་ལོང་ནང་ནས་འཇིག་རྟེན་ཕྱེད་ཀ་མཐོང་། །

དེ་ཡི་ནང་ནས་རང་ཉིད་མནར་གཅོད་ཐེབས། །

ཁུར་མི་ཐེགས་པའི་རྡོག་ཁྲིས་རྒྱབ་ལ་ཁུར། །

རྒྱང་རིང་དམིགས་པ་གཏད་ནས་ལམ་ལ་ཕྱིན། །

སྐྱོ་སྣང་ཁུར་བའི་རི་དྭགས་རྨས་མ་ང་། །

འཇིག་རྟེན་འཁྱག་པ་འདི་ལ་ཞེ་ལོག་ནས། །

སྣང་བའི་འཇའ་ཚོན་ཐགས་སུ་བྲན་བཞིན་དུ། །

རྣམ་རྟོག་བཙན་པོ་དེ་ཡི་རྗེས་སུ་འབྲངས། །

སྟོན་གྱི་རང་མདངས་གློ་བུར་མིག་ལ་ལྷུང་། །

སྡོང་འགོའི་ལོ་མ་ཤག་ཤག་ས་རུ་འཐོར། །

མི་རྣམས་དལ་ཅིག་མི་ཁོམ་བྲེལ་འཚུབ་ངང་། །

རྩྭ་བྲེག་ཤིང་གཅོད་མེ་འབུད་ལས་སུ་གཞོལ། །

སྐྱེ་རྒ་ན་འཆིའི་གོ་རིམ་མངའ་ན་ཡང་། །

བག་ཆགས་སྣང་བ་འདི་ཡང་དབང་བཙན་པས། །

བཅོས་སུ་མེད་པའི་འཁོར་བའི་རི་གྲོང་ནས། །

དགའ་སྐྱོ་གཉིས་ཀྱི་མེ་ཁ་གསོས་ནས་འགྲོ །

༼ རི་སྤྱང་། ༽