སྨུག་སྤྲིན་ལང་ལོང་འཁྱིལ་བའི་རྫ་འདབས་ན།།
སེམས་ཀྱི་རྨི་ལམ་འཕུར་བའི་གཤོག་སྒྲ་ཡོད།།
བྱེའུ་ཁྱུའི་སྐད་སྙན་སྒྲོག་པའི་འགྱུར་ཁུག་ཡོད།།
ང་རང་དེ་ལ་ཉན་རྒྱུར་ཤིན་ཏུ་དགའ།།
རི་དེའི་འགོ་ན་ཁ་བའི་མེ་ཏོག་བཞད།།
མེ་ཏོག་རེ་ཡི་སྒེག་ཉམས་མི་གཅིག་ཅིང་།།
དྲི་བསུང་དག་ཀྱང་རྒྱང་རིང་ཡུལ་དུ་མཆེད།།
དེ་ཡི་མཛེས་སྡུག་སྨྲ་བརྗོད་ཡུལ་ལས་འདས།།
རི་སྐེད་ནོར་གནག་གཡང་གི་རི་མ་འཁྱིལ།།
འབྲི་མོའི་ངུར་སྒྲ་རྟ་ཕོའི་འཚེར་སྐད་ཡོད།།
ད་དུང་ལུག་ཁྱུའི་འབའ་སྒྲ་རྣ་བར་སྙན།།
སྙན་འཇེབས་དབྱངས་ལྡན་ལྷ་ཡི་རོལ་མོར་འགྲན།།
རི་དེའི་འདབས་ན་ན་ཆུང་གཞོན་ནུ་མའི།།
མ་བཅོས་མཛེས་སྡུག་ངོམ་པ་དཔྱིད་ཀྱི་དཔལ།།
ཁྲེལ་གཞུང་ཕྱི་ཐག་སྨིན་མའི་ནགས་སུ་འཚེར།།
སྙན་ངག་མཁན་པོས་འདི་བྱེད་བྲེལ་ཞིང་བྲེལ།།
༼ ཞལ་དཀར། ༽