国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ལོ་ཟླ།

མཚན་མོ་ཚེས་སོང་།

ཟླ་བ་སྒོར་སྒོར་ཞིག་མཁར་མཐར་འཕགས།

གྲོང་ཁྱེར་གྱི་ཁང་བརྩེགས་གསེབ་ནས།

འོད་ཀྱི་ལམ་ཁར་ཡང་ཡང་ཅེར་བའི།

རྒྱང་སྒྲིབ་མིག་ཟུང་གིས།

ཕར་རྒྱབ་ཀྱི་ལོ་ཟླ་དང་།

ལོ་ཟླའི་ཁྲོད་ཀྱི་གངས་རི་དང་རྩྭ་ཐང་བཤད་བྱུང་།

ཁྱེད་ཀྱིས་བཤད་མྱོང་བའི།

ངས་ཀྱང་དྲན་སྲིད་པའི།

ལོ་ཟླ་དེ་དག།

ལོ་ཟླ་དེ་དག་ནི་འུ་གཉིས་ལ་དབང་བའི་ལོ་ཟླ་ཞིག།

ལོ་ཟླ་ཤིན་ཏུ་མགྱོགས་པས།

རེ་སྒུག་གི་ལོ་ཟླ་ཞིག་ཀྱང་དོན་མེད་དུ་གྱུར།

དེའི་རྗེས་ཀྱི་ལོ་ཟླའི་ནང་ལ།

ངས་ཀྱང་ཁྱེད་རང་ལོ་ཟླར་དབང་བ་གསལ་པོར་རྟོགས།

ལས་དབང་གིས་ལོ་ཟླ་དེ་དག

ཁྱེད་རང་བཤད་པར་དགའ་བའི་ལོ་ཟླ་བཞིན།

ང་ལ་སྟ་གོན་དང་གྲ་སྒྲིག་ཙམ་ཡང་བྱེད་

དབང་མ་བྱིན་པར།

ཤིན་ཏུ་ཆ་ཡོད་ཀྱང་རྒྱུས་མེད་པའི།

ལོ་ཟླ་གསར་ཚེས་ཤིག་གི་རི་མོ་བྲིས།

ལས་ཀྱི་རི་མོ།

ལས་ཀྱི་རི་མོར་ཁྱག་ཁྱོག་ཆེ་བས།

གལ་སྲིད་སྐྱེ་བ་ཕྱི་མ་ཟེར་བ་ཞིག་ཡོད་ན།

ངས་རི་མོ་པ་ཞིག་གི་སྐྱེ་བ་བླངས་ཏེ།

ཡ་ཡོ་ཁྱག་ཁྱོག་མེད་པའི།

དོ་དགོང་གི་ཟླ་བ་བཞིན།

སྨག་རུམ་ཁྲོད་ནས།

མི་སེམས་ལ་འོད་སྣང་བསྩལ་བའི།

རི་མོ་ཞིག་འབྲི་ངེས།

རི་མོའི་ནང་ན།

འུ་གཉི་གའི་ལས་དབང་ཡང་འབྲི་རྒྱུ་བྱུང་ན་ཅི་

འདྲའི་སྐྱིད་ཨང་།

ལོ་ཟླ།

༼ མགོན་ཤུལ་ཕུན་ཚོགས། ༽