国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






གུས་འདུད་ཞུས་ པའི་ལེའུ།

རྟེན་འབྱུང་སྤྲོས་མེད་ཡན་ལག་ཉེར་སིམ་སྟེ། །

ཤེས་རབ་བླང་དོར་དགེ་འབྲས་ལེགས་གནས་པའི། །

ཚོགས་གཉིས་ཆུ་གཏེར་ལས་འཁྲུངས་སྲིད་ཞིའི་མིག །

མཚུངས་མེད་དྲིན་ཅན་བླ་མར་གུས་འདུད་ཞུ། །

དོན་དམ་ཡིད་བཞིན་འཁོར་ལོ་བཞད་པའི་རྩེར། །

མཁྱེན་བརྩེའི་གཟི་དཔལ་མངོན་པའི་རང་མདངས་ཅན།།

རྨད་བྱུང་དགེ་ལེགས་བསྲུབས་པའི་པདྨོ་རུ། །

འཁོར་འདས་མཉམ་པ་ཆེན་པོར་རོལ་ལ་འདུད། །

འདི་སྣང་གྲིབ་བསིལ་འདྲེས་པའི་ཁོར་ཡུག་ཏུ། །

ཡན་ལག་བདུན་ལྡན་འདབ་བརྒྱ་གྲོལ་མཛད་དེ། །

རྒྱལ་བ་གྲུབ་ཐོབ་བརྙེས་པའི་གདན་ས་རུ། །

ཕྱིན་མཛད་རྟོགས་ལྡན་བླ་མར་ཕྱག་བགྱི་འོ། །

གང་སྐུ་སྟོང་གསལ་སྤྲོས་པའི་ནམ་མཁའ་རུ། །

གསང་གསུམ་ཆོས་ཀྱི་གྲུ་ཆར་འཐོར་མཛད་ཅིང་། །

ས་ཆེན་རྡུལ་གྱིས་འགེངས་པའི་ཁྲི་འཕང་དུ། །

ཕན་བདེའི་བསིལ་ཟེར་ཅན་དེར་ལན་བརྒྱར་འདུད། །

གཡའ་དག་དྲི་བྲལ་ཐུགས་ཀྱི་མེ་ལོང་དུ། །

ཤེས་བྱའི་གནས་ཀུན་མ་ལུས་རབ་རྫོགས་ཏེ། །

སྲིད་གསུམ་གཏིང་མཐའ་སྒུལ་བའི་མཁས་རྒུ་ཅན། །

སུམ་ལྡན་སྒྲུབ་བརྒྱུད་བླ་མར་མགོས་ཕྱག་འཚལ། །

མཁས་བཙུན་གྲུབ་པའི་ཡོན་ཏན་མཐའ་དག་ཀྱང་། །

བུ་སློབ་ཁྲི་སྟོང་གྲལ་དུ་བཞད་པས་ན། །

ཏིང་འཛིན་བསམ་གཏན་ཞི་བའི་རླུང་གཡབ་ཀྱིས། །

ཐམས་ཅད་དབང་དུ་བསྡུས་པ་ཁྱེད་ལ་བཏུད། །

༼ རུས་རྐང་དྭངས་མ། ༽