( པར་ངོས་གཉིས་པར་མཐུད།)
ཞི་ཅིན་ཕིང་དང་ཕེང་ལི་ཡོན་གྱིས་སྐུ་མགྲོན་ཚོར་རེ་རེ་བཞིན་བྱམས་བརྩེའི་ངང་ཕྱག་འཇུ་གནང་ནས་ཕན་ཚུན་བར་འཚམས་འདྲི་ཞུས་པར་མ་ཟད། སྐུ་མགྲོན་ཚོ་དང་ལྷན་དུ་དྲན་རྟེན་མཉམ་པར་བསྐྱོན།
ཞི་ཅིན་ཕིང་གིས་ཤིས་ཚིག་ཕུལ་ཏེ་ཀྲུང་གོ་སྲིད་གཞུང་དང་ཀྲུང་གོ་མི་དམངས་ཀྱི་ཚབ་མཛད་ནས། ཁྲེང་ཏུའུ་ཡི་འཛམ་གླིང་སློབ་ཆེན་སློབ་མའི་དབྱར་དུས་ལུས་རྩལ་འགྲན་ཚོགས་སྐབས་སོ་གཅིག་པའི་འགོ་ཚུགས་མཛད་སྒོར་ཞུགས་མཁན་གྱི་རྒྱལ་སྤྱིའི་སྐུ་མགྲོན་རྣམས་ལ་སྤྲོ་སེམས་འཁོལ་བའི་ངང་ནས་དགའ་བསུ་ཞུས།
ཞི་ཅིན་ཕིང་གིས་ཁྲེང་ཏུའུ་སློབ་ཆེན་སློབ་མའི་ལུས་རྩལ་འགྲན་ཚོགས་དོ་དགོང་དངོས་སུ་འགོ་རྩོམ་རྒྱུ་ཡིན་ལ། ཀྲུང་གོས་སྟབས་བདེ་དང་བདེ་འཇགས། ལྟད་མོ་ཆེ་བ་བཅས་ཀྱི་སྒོ་ནས་འགྲན་བསྡུར་གཉེར་བའི་འདུ་ཤེས་བཟུང་སྟེ། ཏོག་གསར་རིམས་ནད་སོགས་ཀྱི་འགལ་རྐྱེན་ཁྱད་སེལ་བྱེད་པ་དང་ཁས་ལེན་དམ་བཅའ་དོན་འཁྱོལ་ནན་ཏན་བྱེད་པ། ཁྲེང་ཏུའུ་སློབ་ཆེན་སློབ་མའི་ལུས་རྩལ་འགྲན་ཚོགས་བདེ་བླག་ངང་གཉེར་རྒྱུར་འགན་ལེན་བྱེད་པ་བཅས་བྱས་ནས། རྒྱལ་སྤྱིའི་གཞོན་ནུའི་ལུས་རྩལ་ལས་དོན་འཕེལ་རྒྱས་གཏོང་ཆེད་ལེགས་སྐྱེས་གསར་པ་འབུལ་རྒྱུ་ཡིན་ཞེས་གསུངས།
ཞི་ཅིན་ཕིང་གིས་འཛམ་གླིང་སློབ་ཆེན་སློབ་མའི་ལུས་རྩལ་འགྲན་ཚོགས་དངོས་སུ་བཙུགས་པ་ནས་བཟུང་། ལུས་རྩལ་འགྲན་ཚོགས་འདི་ཉིད་དུས་དང་རྣམ་པ་ཀུན་ཏུ་ལང་ཚོའི་འདུ་འཛོམས་གཟབ་རྒྱས་ཤིག་དང་མཐུན་སྒྲིལ་གྱི་རྒྱས་འཛོམས་ཆེན་མོ་ཞིག། མཛའ་མཐུན་གྱི་དགྱེས་འཛོམས་གཟབ་རྒྱས་ཤིག་བཅས་སུ་འགྱུར་བར་བྱས། ང་ཚོས་འཛམ་གླིང་གི་གཞོན་ནུ་དང་ལག་གདང་སྦྲེལ་ནས་ལང་ཚོའི་གསོན་ཤུགས་ལ་བརྟེན་ནས་འཛམ་གླིང་ཞི་བདེ་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། ཁྲེང་ཏུའུ་ལུས་རྩལ་འགྲན་ཚོགས་དེ་ཀྲུང་གོའི་ཁྱད་ཆོས་དང་དུས་རབས་ཀྱི་ཉམས་འགྱུར། ལང་ཚོའི་གསོན་ཤུགས་བཅས་ལྡན་པའི་རྒྱལ་སྤྱིའི་ལུས་རྩལ་འདུ་ཚོགས་གཟབ་རྒྱས་ཤིག་ཏུ་འགྱུར་བར་བྱས་ནས། ཁྲེང་ཏུའུ་སློབ་ཆེན་སློབ་མའི་ལུས་རྩལ་འགྲན་ཚོགས་ཁྲོད་འཛམ་གླིང་ས་གནས་ཁག་ནས་ཡོང་བའི་གཞོན་ནུ་གྲོགས་པོ་ཚོས་ཕན་ཚུན་བར་རྒྱུས་ལོན་དང་བསམ་ཤེས་ཐུབ་པར་བྱས་ཏེ། མིའི་རིགས་ཀྱི་ཡར་ཐོན་བྱ་གཞག་ལ་སྐུལ་འདེད་གཏོང་ཆེད་སྒུལ་ཤུགས་གསར་པ་ཞིག་མཁོ་འདོན་བྱ་དགོས། ང་ཚོས་ལུས་རྩལ་འགྲན་ཚོགས་ཀྱི་དམིགས་ཡུལ་དར་སྤེལ་བཏང་སྟེ། མཐུན་སྒྲིལ་གྱི་རྣམ་པའི་ཐོག་ནས་གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་ལ་ཁ་གཏད་འཇལ་ནས། རྒྱལ་སྤྱིའི་སྤྱི་ཚོགས་ལ་དྲང་ནུས་གཅིག་སྡུད་བྱས་ཏེ། མཛེས་སྡུག་ལྡན་པའི་འབྱུང་འགྱུར་སྐྲུན་དགོས། ང་ཚོས་ཕན་ཚུན་བར་བརྗེ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་པ་དང་། དཀྱེལ་ཡངས་ཀྱི་བློ་ཁོག་ལ་བརྟེན་ནས་འཆམ་མཐུན་གྱི་བསམ་པའི་ཁྱིམ་གཞིས་བསྐྲུན་ཏེ། ཕན་ཚུན་མྱོང་རོལ་དང་ཕན་ཚུན་སློབ་སྦྱོང་། ཕན་ཚུན་དཔྱད་གཞིར་འཛིན་པ་བཅས་ཀྱི་རྣམ་འགྱུར་བཅངས་ནས། རིག་གནས་སྣ་ཚོགས་ལ་ལྟ་སྟངས་ཡང་དག་འཛིན་པ་དང་། མིའི་རིགས་ཡོངས་ཀྱི་ཐུན་མོང་གི་རིན་ཐང་དར་སྤེལ་གཏོང་བ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་མཉམ་སྐྲུན་གྱི་ལེའུ་གསར་པ་རྩོམ་དགོས་ཞེས་ནན་གྱིས་གསུངས།
ཞི་ཅིན་ཕིང་གིས་ཁྲེང་ཏུའུ་ནི་ལོ་རྒྱུས་དང་རིག་གནས་ཀྱི་གྲོང་ཁྱེར་གྲགས་ཅན་ཞིག་ཡིན་ལ། ཀྲུང་གོའི་གསོན་ཤུགས་དང་བདེ་སྐྱིད་ཚོར་སེམས་ཆེ་ཤོས་ལྡན་པའི་གྲོང་ཁྱེར་གྱི་གྲས་ཀྱང་ཡིན། ཚང་མ་ཁྲེང་ཏུའུ་ཡི་ཁྲོམ་ལམ་གང་སར་དངོས་སུ་སོང་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཉམས་སྣང་སྣ་ཚོགས་མྱོང་རོལ་དང་མཉམ་སྤྱོད་བྱ་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན་ཞེས་གསུངས།
ཚའེ་ཆི་དང་ཏིན་ཞུའེ་ཞང་། ཝང་དབྱི། ལིས་ཀན་ཅེ། ཝང་ཞའོ་ཧུང་། ཧྲིན་དབྱི་ཆིན་
སོགས་བྱེད་སྒོར་ཞུགས།
དགའ་བསུ་ཞུ་བའི་གསོལ་སྟོན་མ་སྤེལ་བའི་སྔོན་ལ། སྐུ་མགྲོན་རྣམས་ཀྱིས་སི་ཁྲོན་གྱི་གཟུགས་མེད་ཤུལ་བཞག་རིག་གནས་འགྲེམས་སྟོན་ལ་གཟིགས་ཞིབ་གནང་བ་རེད།།(མཚོ་སྔོན་བོད་སྐད་རླུང་འཕྲིན་ནས་དྲངས།)