国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ངག་འཇོལ་ཉོག་གི་ཚིག།

འདི་ནས་འདས་དོན་ལོ་རྒྱུས་ཚིག་ཅིག་འབྲི།།

ཚིག་གི་གསེང་ལ་བདེན་དོན་ཞབས་རྗེས་འབྲི།།

ཞབས་རྗེས་རེ་རེར་དྲང་མོའི་ཚིག་གིས་འབྲི།།

དེ་ཡི་མིང་ལ་ལོ་ཟླའི་བཞུད་ལམ་ཟེར།།

འདི་ནས་འཁོར་བའི་འགྲོས་ཀྱི་ནད་ཅིག་འབྲི།།

ནད་ཀྱིས་སློང་བའི་སེམས་པ་མཉེལ་བ་འབྲི།།

མཉེལ་དུབ་གསེང་ནས་རང་གཤིས་གསལ་བ་འབྲི།།

དེ་ཡི་མིང་ལ་འཛིན་པའི་འཆིང་རྒྱ་ཟེར།།

འདི་ནས་ཞེན་པ་ཐོགས་པའི་སེམས་ཤིག་འབྲི།།

སེམས་ཀྱིས་སྐྲུན་པའི་ཉོན་མོངས་ལིངས་པ་འབྲི།།

ལིངས་སུ་ཚུད་པའི་ལས་ཀྱི་རྣམ་སྨིན་འབྲི།།

དེ་ཡི་མིང་ལ་སྡུག་གི་འོབས་མཚོ་ཟེར།།

འདི་ནས་ཚོར་བས་སྦྲུམ་པའི་ཚིག་ཅིག་འབྲི།།

ཚིག་གི་གདངས་ལ་དགའ་སྐྱོའི་རི་མོ་འབྲི།།

རི་མོ་རེ་རེས་ཀུན་རྟོག་མཚོན་པར་འབྲི།།

དེ་ཡི་མིང་ལ་ཕལ་བའི་སེམས་བྱུང་ཟེར།།

འདི་ནས་སྨུག་ཆར་ཐོགས་པའི་སྟོན་ཞིག་འབྲི།།

སྟོན་ཁའི་རླུང་བུའི་གྲང་ངད་རྩུབ་པ་འབྲི།།

རྩུབ་པའི་གསེང་ལ་ངར་ཞིག་ཡོད་པར་འབྲི།།

དེ་ཡི་མིང་ལ་དུས་ཀྱི་ཆམ་ནད་ཟེར།།

འདི་ནས་ཡ་མ་བརླ་ཡི་དུས་ཤིག་འབྲི།།

དུས་ཀྱི་རུམ་ན་ཉིན་སྲིབ་མོད་པ་འབྲི།།

ཉིན་སྲིབ་དབར་ནས་བྱང་རླུང་རྒོད་པ་འབྲི།།

དེ་ཡི་མིང་ལ་འཁྱུད་པའི་དུས་རབས་ཟེར།།

འདི་ནས་དགའ་སྡུག་སྐྱེན་པའི་མི་ཞིག་འབྲི།།

མི་སེམས་སྙི་མོ་ཡིན་པའི་དུས་ཤིག་འབྲི།།

དུས་དེར་དུས་ཀྱི་སྐྱོ་སྣང་གཏམས་པ་འབྲི།།

དེ་ཡི་མིང་ལ་སྟོང་གསོབ་དུས་རབས་ཟེར།།

༼ གྱིན་འདའ་བ། ༽