国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཟུངས་ཁྲག་ཉམས་པའི་ནད་གསོ་བར་བཟའ་བཏུང་ལུགས་མཐུན་ངང་བསྟེན་རྒྱུ་གལ་ཆེ།

རྒན་པ་རྣམས་ནི་ཟུངས་ཁྲག་ཉམས་སླ་བའི་མི་ཚོགས་ཡིན་ལ།ལྷག་པར་དུ་འཚོ་བཅུད་རང་བཞིན་གྱི་ཟུངས་ཁྲག་ཉམས་པའི་ནད་ཀྱི་འབྱུང་ཚད་ཧ་ཅང་མཐོ།ནད་རྙིང་མང་བ་དང་དོན་སྣོད་ཡོངས་ཀྱི་བྱེད་ནུས་ཉམས་པ།འགུལ་སྐྱོད་མང་པོ་མི་བྱེད་པ་སོགས་ཀྱི་དབང་གིས།རྒན་པ་མང་པོ་ཞིག་ལ་ཟུངས་ཁྲག་ཉམས་པའི་ནད་བྱུང་ཡོད་ནའང་ཤེས་ཀྱིན་མེད་པ་རེད།

རྒན་པ་རྣམས་ལ་ཟུངས་ཁྲག་ཉམས་པའི་ནད་བྱུང་དོན་ཅི་ཡིན་ནམ།

ཟུངས་ཁྲག་ཉམས་པ་ཞེས་པ་ནི་ཁྲག་དམར་སྤྲི་དཀར་གྱི་གར་ཚད་དེ་རྒྱུན་ལྡན་གྱི་ཚད(སྐྱེས་པ་རྣམས120ཁེ/ཧྲིན་དང་བུད་མེད་རྣམས110ཁེ/ཧྲིན་ལས་དམའ་བ)ལས་དམའ་བའམ་ཡང་ན་ཕྲ་ཕུང་དམར་པོའི་གསོག་ཚད་ཇེ་ཉུང(སྐྱེས་པ་རྣམས40%དང་བུད་མེད་རྣམས37%ལས་དམའ་བ)དུ་སོང་བ་ལ་གོ། ཟུངས་ཁྲག་ཉམས་པ་ནི་ནད་རྟགས་ཤིག་ཡིན་ལ།ནད་རིགས་གཞན་པའི་མངོན་རྟགས་ཤིག་ཀྱང་ཡིན་སྲིད། ཟུངས་ཁྲག་ཉམས་པའི་ནད་ཀྱི་འབྱུང་རྐྱེན་ལ་གཤམ་གྱི་འདི་དག་ཡོད་པ་སྟེ།

ཁྲག་བཟོ་བྱེད་ནུས་ཉམས་པ། རུས་རྐང་ནི་ཁྲག་བཟོ་དབང་པོ་གལ་ཆེན་ཞིག་ཡིན་ལ།རྒན་པ་རྣམས་ཀྱི་རུས་རྐང་གི་ཁྲག་བཟོ་བྱེད་ནུས་དེ་དབང་པོ་གཞན་པ་དང་མཉམ་དུ་རིམ་གྱིས་ཉམས་ཞན་དུ་སོང་ནས།ཚིལ་སྣ་དང་འབྲེལ་སྐྱོང་ཕུང་གྲུབ་ཀྱིས་དེའི་ཚབ་བྱས་པས།ཚབ་འབྱིན་ནུས་པའང་དེ་དང་བསྟུན་ནས་མངོན་གསལ་གྱིས་ཇེ་དམའ་རུ་སོང་ཡོད།

རྩབས་ཀྱི་གྲུང་གཤིས་མར་བབས་པ།རྒན་པ་རྣམས་ཀྱི་ལུས་སྟེང་གི་རྙིང་ཚབ་གསར་བརྗེ་རྩབས་ཀྱི་གྲུང་གཤིས་མར་བབས་པ་དང་བསྟུན་ནས།ཕྲ་ཕུང་དམར་པོའི་སྐྱི་མོ་གསར་བརྗེ་བྱེད་པར་མཁོ་བའི་རྩབས་ལ་དེ་བཞིན་དུ་འགྱུར་ལྡོག་བྱུང་བས།ཕྲ་ཕུང་དམར་པོའི་ཚེ་ཐག་ཇེ་ཐུང་དུ་སོང་ཡོད།

སྐུལ་རྩའི་འབྱུང་ཚད་ཇེ་ཉུང་དུ་སོང་བ།རྒན་པ་རྣམས་ཀྱི་སྐུལ་རྩི་ཟགས་ཐོན་བྱེད་ཚད་ཇེ་ཉུང་དུ་སོང་བས།སྐུལ་རྩིས་ཁྲག་བཟོ་ལ་ཕོག་ཐུག་གཏོང་བའི་ནུས་པའང་དེ་དང་བསྟུན་ནས་ཇེ་དམའ་རུ་སོང་ཡོད།

འཚོ་བཅུད་ཀྱིས་མི་འདང་བ། རྒན་པ་རྣམས་ཀྱི་འཇུ་ནུས་ཉམས་པ་དང་། སོ་ལྷུང་བ། ལྡད་ནུས་ཞན་པ། སྡུད་ལེན་ནུས་པ་ཞན་པ་སོགས་ཀྱི་དབང་གིས་ཟུངས་ཁྲག་ཉམས་པའི་ནད་འབྱུང་སླ། ད་རུང་རྒན་པ་ཁ་ཤས་ཀྱིས་དུས་ཡུན་རིང་པོར་སྲོག་ཆགས་ལས་ཐོན་པའི་ཟས་རིགས་མི་ཟ་བས། ལྕགས་དང་ལོ་མའི་སྐྱུར། འཚོ་རྒྱུB12སོགས་ཁྲག་བཟོ་རྒྱུ་ཆས་མ་འདང་བར། ཟུངས་ཁྲག་ཉམས་པའི་ནད་བྱུང་བ་རེད།

དལ་གཤིས་ནད་རིགས་མང་པོ་ཡོད་པ། རྒན་པ་རྣམས་ལ་རྒྱུན་དུ་དལ་གཤིས་ནད་རིགས་མང་པོ་བྱུང་ཡོད་པ་སྟེ།དཔེར་ན་དལ་གཤིས་མཁལ་མའི་ནད་རིགས་ཡོད་ན།ཕྲ་ཕུང་དམར་པོ་ཟགས་ཐོན་བྱེད་པའི་ཚད་ཇེ་དམའ་རུ་འགྲོ་བས་ཕྲ་ཕུང་དམར་པོས་མི་འདང་བའི་གནས་ཚུལ་འབྱུང་ལ།རང་སྟེང་གི་རིམས་ཐར་ནད་རིགས་ཀྱིས་ཟུངས་ཁྲག་ཉམས་པའི་གནས་ཚུལ་སྣ་ཚོགས་བཟོ་ཞིང་། དལ་གཤིས་རེད་ནད་སྣ་ཚོགས་ཀྱིས་ལྕགས་ཀྱི་རྙིང་ཚབ་གསར་བརྗེ་དཀྲུགས་པ་དང་། སྐྲན་ནག་དང་སྦྲགས་ནས་རྒྱུན་དུ་ཟུངས་ཁྲག་ཉམས་པའི་ནད་འབྱུང་བ་སོགས་ལྟ་བུ། དལ་གཤིས་ནད་རིགས་གསོ་བའི་སྨན་རྫས་ཀྱིས་ཀྱང་ཕྲ་ཕུང་དམར་པོ་འབྱུང་བར་བཀག་རྐྱེན་ཐེབས་ཏེ་ཟུངས་ཁྲག་ཉམས་པའི་གནས་ཚུལ་བཟོ་བ་རེད།

ཟུངས་ཁྲག་ཉམས་ན་ཇི་ལྟར་བྱེད་དགོས་སམ།

རྒན་པ་རྣམས་ཀྱིས་ཟུངས་ཁྲག་ཉམས་པའི་ནད་སྔོན་འགོག་བྱེད་དགོས་ན།འབྲས་སྐྲན་དང་རེད་ནད།མཁལ་མའི་བྱེད་ནུས་ཉམས་པ་སོགས་ཀྱི་གདོད་འབྱུང་ནད་གསོ་བཅོས་བྱེད་པར་འབད་དགོས་པ་དང་།དུས་མཚུངས་སུ་ལུས་སྦྱོང་འོས་འཚམ་བྱས་ཏེ།ལུས་སྟེང་གི་དབྱང་ཟད་ཚད་ཇེ་མང་དུ་གཏོང་བ་དང་།ཁྲག་བཟོ་བྱེད་ནུས་རྒས་འགྱུར་འབྱུང་བའི་ཚད་ཇེ་དལ་དུ་གཏོང་དགོས།

རྒན་པའི་ཁྲོད་དུ། འཚོ་བཅུད་རང་བཞིན་གྱི་ཟུངས་ཁྲག་ཉམས་པའི་ནད་འབྱུང་ཚད་ཧ་ཅང་མཐོ།དེའི་རྒྱུ་རྐྱེན་གཙོ་བོ་ནི་ལུས་སྟེང་དུ་ལྕགས་དང་ལོ་མའི་སྐྱུར།འཚོ་རྒྱུB12སོགས་མི་འདང་བས་ཡིན་པས།བཟའ་བཏུང་ལུགས་མཐུན་ངང་བསྟེན་ནས་གསོ་བཅོས་བྱེད་དགོས།

རྒན་པ་རྣམས་ཀྱིས་སྤུས་ལེགས་སྤྲི་དཀར་མང་དུ་ཟོས་ནས།ལུས་སྟེང་གི་རིམས་ཐར་མ་ལག་གི་ཕྲ་ཕུང་ལ་ཕོག་ཐུག་གཏོང་བ་དང་།ནད་འགོག་ནུས་པ་ཇེ་མཐོར་གཏོང་དགོས་ལ།ཚིལ་སྣ་འོས་འཚམ་བསྟེན་ཏེ་ནུས་དྲོ་ཇེ་མང་དུ་གཏོང་དགོས།འཚོ་རྒྱུ(ལྷག་པར་དུ་འཚོ་རྒྱུCདངBརིགས)དང་ལོ་མའི་སྐྱུར་མང་དུ་ཟོས་ནས།ཕྲ་ཕུང་དམར་པོ་འབྱུང་བར་སྐུལ་འདེད་གཏོང་དགོས།ལྕགས་རྒྱུ་ཟས་རིགས་མང་དུ་བསྟེན་ཏེ་ཁྲག་དམར་སྤྲི་དཀར་འབྱུང་བར་སྐུལ་འདེད་གཏོང་དགོས་ལ། ཟས་རིགས་འདེམ་པ་དང་དཀར་ཟས་ཟ་བ་སོགས་བཟའ་བཏུང་སྤྱོད་པའི་གོམས་སྲོལ་ངན་པ་བསྒྱུར་དགོས། བྱེ་བྲག་གིས་བཤད་ན། སིལ་ཏོག་དང་སྔོ་ཚོད། ཤའི་རིགས། སྲོག་ཆགས་ཀྱི་ནང་ཁྲོལ་སོགས་ཀྱི་ནང་དུ་ལོ་མའི་སྐྱུར་གྱི་འདུས་ཚད་མཐོ་བ་དང་། ཤའི་རིགས་དང་སྒོ་ང་། འོ་མ་སོགས་ཀྱི་ནང་དུ་འཚོ་རྒྱུB12ཡི་འདུས་ཚད་མཐོ་ལ།ཚ་ལུ་མ་དང་ཉིང་མོང་། སུར་པན། ཀྲོ་མ་ཀྲི། པད་ཁ། ལོ་སྒོར་པད་ཚལ་སོགས་ཀྱི་ནང་དུ་འཚོ་རྒྱུCཡི་འདུས་ཚད་ཧ་ཅང་མཐོ། སྲོག་ཆགས་ཀྱི་ཁྲག་དང་སྐམས་ཤ། ཉ། མཆིན་པ། སྒོ་ང་སོགས་སྲོག་ཆགས་ལས་བྱུང་བའི་ཟས་རིགས་དང་། ཏིལ་དང་མོག་རོ། པའོ་ཚལ། སྲན་ཆེན། འབྲུ་རིགས། ཁམ་བུ། རྒུན་འབྲུམ་སོགས་རྩི་ཤིང་ལས་བྱུང་བའི་ཟས་རིགས་ཀྱི་ནང་དུ་ལྕགས་ཀྱི་འདུས་ཚད་མཐོ་བར་མ་ཟད་སྡུད་ལེན་བྱེད་སླ་བ་རེད།

དྲན་སྐུལ་བྱེད་དགོས་པ་ཞིག་ནི། རྒན་པ་རྣམས་ཀྱི་ཟུངས་ཁྲག་ཉམས་པ་ལ་ཁ་སུར་དམར་པོ་དང་ཨ་སྤྱིན་སོགས་བཅུད་ལྡན་ཟས་རིགས་མང་དུ་ཟོས་པ་ཙམ་གྱིས་ཐག་གཅོད་བྱེད་མི་ཐུབ། དོན་དངོས་སུ་འཚོ་བཅུད་རང་བཞིན་གྱི་ཟུངས་ཁྲག་ཉམས་པ་ལའང་ཟས་རིགས་ཁོ་ནར་བརྟེན་ནས་གསོ་བཅོས་བྱེད་དཀའ། རྒན་པའི་ཟུངས་ཁྲག་ཉམས་པའི་རྒྱབ་ཕྱོགས་སུ་ཉེན་ཁ་ཆེན་པོ་སྦས་སྐུང་བྱས་ཡོད་པས། རྒན་པར་ཟུངས་ཁྲག་ཉམས་པའི་ནད་བྱུང་ན་སྔ་མོ་ནས་བརྟག་དཔྱད་དང་གསོ་བཅོས་བྱས་ཏེ། དེ་བས་ཀྱང་ཚབས་ཆེ་བའི་སྦྲགས་ནད་འབྱུང་བ་སྔོན་འགོག་བྱེད་དགོས།།

ཟུངས་ཁྲག་ཉམས་པའི་སྔ་དུས་ཀྱི་ནད་རྟགས།

ཟུངས་ཁྲག་ཉམས་པ་ནི་རྒན་པའི་རྒྱུན་མཐོང་གི་ནད་རིགས་ཤིག་ཡིན་ལ།སྔ་དུས་སུ་ནད་རྟགས་གསལ་པོ་མེད་པར།མགོ་ཡུ་འཁོར་བ་དང་ཐང་ཆད་པ།སེམས་འཚབ་པ།འགུལ་སྐྱོད་བྱེད་མི་འདོད་པ་སོགས་ཀྱི་ནད་རྟགས་ཡང་མོ་འབྱུང་བས།ཀླད་སྙིང་ཁྲག་རྩའི་ནད་རིགས་ལ་འཁྲུལ་ཉེན་ཆེ་ཞིང་།ཡང་ནད་པ་ཁ་ཤས་ལ་སྤྲོ་སེམས་མེད་པ་དང་ཁོང་ཁྲོ་ལངས་སླ་བ།འཕྲུལ་སྣང་འབྱུང་བ་སོགས་དཀྱིལ་སྙིང་དབང་རྩའི་མ་ལག་གི་ནད་རྟགས་འབྱུང་བ་དང་།གློ་བུར་ཤ་རིད་པ་སོགས་འཇུ་བྱེད་མ་ལག་གི་ནད་རྟགས་ཀྱང་འབྱུང་བ་རེད། གོང་གི་ནད་རྟགས་དེ་དག་ནི་ཟུངས་ཁྲག་ཉམས་པའི་ནད་རྟགས་ཡིན་སྲིད།

ཟླ་མཚན་ཆད་པའི་བུད་མེད་དང་ལྕགས་རྒྱུའི་ཟུངས་ཁྲག་ཉམས་པའི་སྐྱེས་པ། ཉེ་ཆར་རྒྱུ་རྐྱེན་གང་ཡང་མེད་པར་གློ་བུར་ཤ་རིད་པའི་རྒན་པ། བཤང་བ་གཏོང་བའི་གོམས་གཤིས་དང་བཤང་བའི་ཁ་དོག་འགྱུར་བའི་རྒན་པ་སོགས་ལ། གལ་ཏེ་རྒྱུ་རྐྱེན་མི་གསལ་བར་ཟུངས་ཁྲག་ཉམས་པའི་ནད་བྱུང་ན། མཐོང་ཆེན་བྱས་ཏེ་ཡིབ་ཤུགས་ཆེ་བའི་སྐྲན་ནག་ཡོད་མེད་ལ་བརྟག་དགོས་སོ།།

(མཚོ་སྔོན་བོད་ཡིག་གསར་འགྱུར་ནས་དྲངས།)