སྤྱི་ཟླ8པའི་ཚེས11ཉིན་གྱི་ཕྱི་དྲོའི་ཆུ་ཚོད་གཉིས་པར་དུང་བརྡ་གྲག་པ་དང་བསྟུན་ནས་གསེར་རྟ་རྩྭ་ཐང་སྟེང་གི་རྐང་འཁོར་མཁའ་ལམ་འགྲན་བསྡུར་དངོས་སུ་འགོ་ཚུགས་ཤིང་།རྒྱལ་ཡོངས་ཀྱི་ས་གནས་ཁག་ནས་ཡོང་བའི་རྐང་འཁོར་བཞོན་མཁན100ལྷག་གིས་གསེར་རྟ་རུ་ལུས་རྩལ་གྱི་སྟོན་མོ་གཟབ་རྒྱས་ཤིག་སྤེལ་ཡོད།
ཐེངས་འདིའི་རྩྭ་ཐང་སྟེང་གི་རྐང་འཁོར་མཁའ་ལམ་འགྲན་བསྡུར་དེ་གསེར་རྟ་རྫོང་མཁར་གྱི་གེ་སར་སྒྱུ་རྩལ་ལྟེ་གནས་ནས་འགོ་བཙུགས་ཏེ་གསེར་རྟ་ཐང་ཆེན་དང་།གསེར་ལག་ཟམ་པ།ཤུལ་ཐལ་སྨད་མ་གྲོང་བརྒྱུད་དེ་གཉན་ལུང་རི་སྐེད་ནས་ཚུར་ལོག་པ་དང་།མཇུག་གནས་རྫ་ཆེན་ཐང་ཡིན་ལ་བསྡོམས་པས་སྤྱི་ལེ57ཙམ་ཡོད།
འགྲན་ཞུགས་པ་ཐན་མེ་དབྱིང་ཉིན་གཉིས་ཀྱི་གོང་ནས་གསེར་རྟ་རུ་འབྱོར་པས་མོས་གསེར་རྟའི་ཡུལ་ལྗོངས་ཧ་ཅང་མཛེས་པོ་འདུག། དབྱར་དུས་སུ་ཚ་གཡོལ་བྱེད་སའི་ས་ཆ་ཡག་པོ་ཞིག་རེད། ཕྱིན་ཆད་ནང་མི་དང་གྲོགས་པོ་ཚོ་འཁྲིད་ནས་འདི་ན་ཡོང་རྒྱུ་ཡིན་ཞེས་བཤད།
གསེར་རྟ་རྫོང་གི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན།གསེར་རྟ་རྩྭ་ཐང་གི་རྐང་འཁོར་མཁའ་ལམ་འགྲན་བསྡུར་གཉེར་བའི་དམིགས་ཡུལ་ནི་ཕྱི་རོལ་གྱི་ལུས་རྩལ་ཁྱབ་གདལ་གཏང་རྒྱུ་དང་།དམིགས་བསལ་གྱི་ཁྱད་ཆོས་ལྡན་པའི་དམངས་སྲོལ་གོམས་གཤིས་དང་སྣ་མང་ཕུན་སུམ་ཚོགས་པའི་གསེར་རྟ་རིག་གནས་དྲིལ་བསྒྲགས་བྱ་རྒྱུ།གསེར་རྟའི་བུ་ཕྲུག་རྣམས་ཀྱིས་མཐུན་སྒྲིལ་འབད་འབུངས་དང་དར་རྒྱས་གོང་འཕེལ་གྱི་བསམ་པའི་ཉམས་འགྱུར་མངོན་རྒྱུ་བཅས་ཡིན་ཞེས་བཤད།
འགྲན་བསྡུར་ནང་སྐྱེས་པའི་ཚོ་ཆུང་དང་བུད་མེད་ཚོ་ཆུང་གཉིས་སུ་དབྱེ་ཡོད།འགྲན་བསྡུར་བྱས་པ་བརྒྱུད་ཁྲེང་ཏུའུ་ནས་ཡིན་པའི་ཧྲའོ་ཅུན་ཆི་ཡིས་ཆུ་ཚོད1དང་སྐར་མ26དང་སྐར་ཆ23གྱིས་སྐྱེས་པའི་ཚོ་ཆུང་གི་ཨང་དང་པོ་བླངས་པ་དང་། ཧུའུ་ནན་ནས་ཡིན་པའི་ལི་སིས་ཆུ་ཚོད1དང་སྐར་མ40དང་སྐར་ཆ51གིས་བུད་མེད་ཚོ་ཆུང་གི་ཨང་དང་པོ་བླངས། ཧྲའོ་ཅུན་ཆི་ནི་ཆེད་ལས་རྐང་འཁོར་བཞོན་མཁན་ཞིག་ཡིན་ཞིང་།2023ལོའི་མཚོ་སྔོན་པོ་བསྐོར་བའི་ལས་རིགས་འགྲན་བསྡུར་ཁྲོད་གླིང་ཆེན་ཨ་ཤེ་ཡའི་ཨང་གཉིས་པ་ཐོབ། ཁོང་གིས་དེ་སྔ་རྐང་འཁོར་བཞོན་ནས་རྒྱལ་ལམ317རྒྱུད་དུ་བསྐྱོད་མྱོང་མེད།ད་ཐེངས་གསེར་རྟ་རྩྭ་ཐང་གི་རྐང་འཁོར་མཁའ་ལམ་འགྲན་བསྡུར་ནང་ཞུགས་ནས་གསེར་རྟའི་མཛེས་ལྗོངས་མཐོང་བར་མ་ཟད།གསེར་རྟ་མི་དམངས་ཀྱིས་སྤྲོ་སེམས་འཁོལ་བའི་སྣེ་ལེན་ཞབས་ཞུར་མྱོང་ཚོར་ཐེབས་བྱུང་། གསེར་རྟ་རྩྭ་ཐང་རྐང་འཁོར་མཁའ་ལམ་འགྲན་བསྡུར་གྱི་ལམ་བུ་དེ་བས་ཡངས་པ་དང་རྣམ་པ་དེ་བས་ལེགས་པའི་རེ་བ་དང་སྨོན་འདུན་ཡིན་ཞེས་བཤད།
ཤེས་རྟོགས་བྱུང་བར་གཞིགས་ན།གསེར་རྟ་རྫོང་གིས་ད་རེས་འགྲན་བསྡུར་གཉེར་བའི་ཉམས་མྱོང་ལ་ཕྱོགས་སྡོམ་བྱས་ནས་ལུས་རྩལ་དང་རིག་གནས་ཡུལ་སྐོར་ཟུང་འབྲེལ་གྱི་མཉམ་འདྲེས་འཕེལ་རྒྱས་ལ་བསྐུལ་ཏེ་གསེར་རྟའི་ཐུན་མིན་གྱི་ཁྱད་ཆོས་ལྡན་པའི་རིག་གནས་ཡུལ་སྐོར་གྱི་མིང་བྱང་བཏོད་ནས་ས་ཁོངས་ཡོངས་ཀྱི་ཡུལ་སྐོར་འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་བར་རམ་འདེགས་བྱ་རྒྱུ་ཡིན་པ་རེད།། ( ཀུན་དགས་བསྒྱུར།)
