国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཧྭ་ཞི་དངུལ་འཛིན་དར་མདོའི་ཡན་ལག་སྤྱི་གཉེར་ཁང་གི་སྒོ་བྱང་བཀལ།

ཧྲེན་དབྱང་དང་ཐང་ལི་པིན། ཀྲོའུ་དབྱི་བཅས་འབྲེལ་ཡོད་བྱེད་སྒོར་ཞུགས་པར་མ་ཟད་སྒོ་བྱང་སྤྲོད་པར་བདེན་དཔང་བྱས།

སྤྱི་ཟླ8པའི་ཚེས9ཉིན། ཀྲུང་གོ་དངུལ་འཛིན་ལྷན་ཚོགས་སི་ཁྲོན་ལྟ་སྐུལ་དོ་དམ་ཅུས་དང་།ཧྭ་ཞི་དངུལ་འཛིན་སྤྱི་གཉེར་ཁང་། དཀར་མཛེས་ཁུལ་ལས་དོན་བཞུགས་མོལ་ཚོགས་འདུ་དང་ཧྭ་ཞི་དངུལ་འཛིན་དར་མདོའི་ཡན་ལག་སྤྱི་གཉེར་ཁང་གི་སྒོ་བྱང་སྤྲོད་པའི་མཛད་སྒོ་དེ་དར་མདོར་སྤེལ་བ་རེད། ཁུལ་ཨུའི་ཧྲུའུ་ཅི་ཧྲེན་དབྱང་གིས་མཛད་སྒོ་གཙོ་སྐྱོང་གནང་བ་དང་། ཀྲུང་གོ་དངུལ་འཛིན་ལྟ་སྐུལ་དོ་དམ་ཨུ་ལྷན་སི་ཁྲོན་ལྟ་སྐུལ་དོ་དམ་ཅུས་ཀྱི་ཅུས་ཀྲང་ཐང་ལི་པིན་དང་། ཧྭ་ཞི་དངུལ་འཛིན་སྤྱི་གཉེར་ཁང་གི་ཏང་ཨུའི་ཧྲུའུ་ཅི་ཀྲོའུ་དབྱི་མཛད་སྒོར་ཞུགས་པ་རེད།

ཧྲེན་དབྱང་གིས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཚབ་མཛད་ནས་ཐང་ལི་པིན་དང་ཀྲོའུ་དབྱི་བཅས་པར་རང་ཁུལ་དུ་ཕེབས་པར་དགའ་བསུ་ཞུས་ཤིང་། ཧྭ་ཞི་དངུལ་འཛིན་དར་མདོའི་ཡན་ལག་སྤྱི་གཉེར་ཁང་བཙུགས་པར་བཀྲ་ཤིས་བདེ་ལེགས་ཞུས་པ་དང་། སི་ཁྲོན་དངུལ་འཛིན་ལྟ་སྐུལ་དོ་དམ་ཅུས་དང་ཧྭ་ཞི་དངུལ་འཛིན་སྤྱི་གཉེར་ཁང་གིས་དུས་ཡུན་རིང་པོར་དཀར་མཛེས་ཁུལ་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་པ་རེད། ཁོང་གིས་ད་སྔར་དཀར་མཛེས་ཁུལ་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སི་ཁྲོན་དུ་གཟིགས་ཞིབ་གནང་བར་ཕེབས་པའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས། ལག་བསྟར་བཅས་མཐར་ཕྱིན་བྱེད་པ་དང་།ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཉིས་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་ནན་ཏན་བྱས་ནས། རིག་གནས་ཡུལ་སྐོར་དང་ཁྱད་ལྡན་ཞིང་འབྲོག་ལས། ནུས་རྒྱུ་གཙང་མ་བཅས་ཀྱི་ལས་དོན་ཆེན་པོ་གསུམ་སྤྱི་འདོམས་ངང་ཡག་པོ་སྒྲུབ་པ་དང་། དཔེ་སྟོན་ཁུལ་གཉིས་དང་གནས་ཡུལ་གསུམ་གཏོད་པར་ཤུགས་བརྒྱབ་སྟེ། དེང་རབས་ཅན་གྱི་ཐོན་ལས་མ་ལག་མགྱོགས་མྱུར་བསྐྲུན་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་དཀར་མཛེས་ཁུལ་གྱི་ལེའུ་གསར་པ་ཧུར་ཐག་བརྩམ་དགོས། དཔལ་འབྱོར་འཕེལ་རྒྱས་སྐུལ་འདེད་བཏང་ནས་ཐོན་མོང་ཐོག་ཕྱུག་འགྱུར་ཡོང་བར་མ་རྩའི་ཁྲོམ་རའི་ཤུགས་ཆེ་བའི་རྒྱབ་སྐྱོར་དང་ཁ་འབྲལ་ཐབས་མེད། ཧྭ་ཞི་དངུལ་འཛིན་དར་མདོའི་སྤྱི་གཉེར་ཁང་གི་སྒོ་བྱང་བཀལ་ནས་ལས་གཉེར་བྱེད་པ་ནི་ཁུལ་ཡོངས་ཀྱི་མ་རྩའི་ཁྲོམ་ར་བསྒྱུར་བཅོས་དང་འཕེལ་རྒྱས་ཀྱི་གོམ་སྟབས་གལ་ཆེན་ཞིག་ཡིན་པས། རང་ཁུལ་གྱི་དངུལ་རྩ་དང་མ་རྩ་ཁྲོམ་རའི་སྟོང་ཆ་བསྐངས་བ་དང་། མ་རྩའི་ཁྲོམ་རའི་ནུས་པ་འདོན་སྤེལ་བྱེད་པར་ཡངས་ཤིང་རྒྱ་ཆེ་བའི་བར་མཐོངས་ཤིག་མཁོ་འདོན་ཐུབ་ངེས་ཡིན་པ་དང་། དཀར་མཛེས་འཕེལ་རྒྱས་ཀྱི་སྤུས་ཚད་དང་ཕན་འབྲས་མཐོ་རུ་ཕྱིན་པར་གསོན་ཤུགས་གསར་པ་བསྣན་ཐུབ་ངེས་རེད། སི་ཁྲོན་དངུལ་འཛིན་ལྟ་སྐུལ་དོ་དམ་ཅུས་དང་ཧྭ་ཞི་དངུལ་འཛིན་སྤྱི་གཉེར་ཁང་དང་ལག་གདང་སྦྲེལ་ནས་མཉམ་ལས་ཀྱི་རིམ་པ་སྔར་བས་ཕུན་སུམ་ཚོགས་པོ་དང་། མཉམ་ལས་ཀྱི་ཁྱབ་ཁོངས་རྒྱ་ཆེ་རུ་བཏང་སྟེ། དཀར་མཛེས་ཀྱི་དཔལ་འབྱོར་འཕེལ་རྒྱས་དང་འཚམ་པའི་དངུལ་རྩའི་མ་ལག་དང་མ་རྩའི་ཁྲོམ་རའི་མ་ལག་བཙུགས་ནས་དངོས་ཚན་དཔལ་འབྱོར་ལ་ཞབས་འདེགས་དང་མི་དམངས་ཀྱི་འཚོ་བར་ཞབས་འདེགས་དེ་བས་ལེགས་པོ་ཞུས་ཏེ། མི་རིགས་ས་ཁུལ་ཡུན་རིང་བདེ་འགོད་དང་འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་ཆེད་ལེགས་སྐྱེལ་འབུལ་བའི་རེ་བ་ཡོད།

ཐང་ལི་པིན་གྱིས་ད་སྔའི་མ་རྩའི་ཁྲོམ་རའི་འཕེལ་རྒྱས་དུས་བབ་ངོ་སྤྲོད་བྱས་པ་དང་། དཀར་མཛེས་ཁུལ་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལས་ཐོབ་པའི་གྲུབ་འབྲས་ལ་བཀྲ་ཤིས་བདེ་ལེགས་ཞུས་ཤིང་། ཁོང་གིས་ཉེ་བའི་ལོ་ཤས་རིང་དཀར་མཛེས་ཁུལ་གྱིས་མ་རྩའི་ཁྲོམ་ར་འཕེལ་རྒྱས་འགྲོ་བར་མཐོང་ཆེན་བྱས་ནས་སྤུས་ལེགས་ཁེ་ལས་སྐྱེད་སྲིང་དང་སྟོབས་ཆེ་རུ་ཧུར་ཐག་བཏང་སྟེ། ས་གནས་འཕེལ་རྒྱས་ཀྱི་ནང་གནས་སྒུལ་ཤུགས་ཆེ་རུ་བཏང་ཡོད་པས། སི་ཁྲོན་དངུལ་འཛིན་ལྟ་སྐུལ་དོ་དམ་ཅུས་ཀྱིས་རང་ངོས་ཀྱི་ནུས་པར་གཞི་ཚུགས་ཏེ་དཀར་མཛེས་ཀྱི་དགོས་མཁོ་དང་ཟུང་འབྲེལ་བྱས་ནས། དངུལ་རྩའི་ཤེས་ལྡན་པ་གསོ་སྐྱོང་དང་དངུལ་རྩའི་ཉེན་ཁ་སྔོན་འགོག། ཡུལ་སྡེ་དར་རྒྱས་གཏང་རྒྱུར་སྐུལ་འདེད་གཏོང་བ་སོགས་ཀྱི་ཐད་མཛུབ་ཁྲིད་དང་རྒྱབ་སྐྱོར་བྱ་རྒྱུ་ཡིན། ཧྭ་ཞི་དངུལ་འཛིན་སྤྱི་གཉེར་ཁང་གིས་འགན་འཁྲི་འཁུར་ནས་དཀར་མཛེས་ཀྱི་ཡུན་རིང་འཕེལ་རྒྱས་ལ་དམིགས་ཏེ་དར་མདོ་ཡན་ལག་སྤྱི་གཉེར་ཁང་སྟོབས་ཆེ་རུ་གཏོང་བ་དང་། དཀར་མཛེས་ཀྱི་དཔལ་འབྱོར་སྤྱི་ཚོགས་ཕྱོགས་སྒྱུར་འཕེལ་རྒྱས་ལ་རམ་འདེགས་བྱ་རྒྱུའི་རེ་བ་ཡོད་ཅེས་བཤད།

ཀྲོའུ་དབྱིས་ཧྭ་ཞི་དངུལ་འཛིན་གྱིས་རྒྱལ་ཁབ་རིམ་པའི་མ་འཇོག་སློབ་གསོའི་རྟེན་གཞིར་བརྟེན་ནས་དེ་བས་ཀུན་ཕན་གྱི་དངུལ་རྩའི་ཞབས་ཞུ་མཁོ་འདོན་བྱས་ཏེ། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་བ་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།།

(བདེ་སྐྱིད་ཀྱིས་བསྒྱུར།)