国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






འབྲོག་མོ།

གནག་སྣུམ་སྐྲ་ལོ་བསིལ་འཇམ་རླུང་གིས་སྐྱོད།།

མཛེས་འཛུམ་ཞལ་རས་སོ་ཕྲེང་དུང་ལས་དཀར།།

གོམས་སྟབས་མྱུར་ཁ་ཚ་བའི་འབྲོག་མོ་དེ།།

འཚོ་བའི་གསང་བ་གཏོར་བའི་འགྲུལ་པ་ཡིན།།

ཞོགས་ཀའི་དུས་སུ་ལེ་ལོ་གཉིད་ལས་དཀྲོགས།།

གུང་སེང་ངལ་དུབ་སྣང་བའི་དབྱིངས་སུ་གཏོར།།

ཤ་ཚ་བག་ཡོད་ཅན་གྱི་འབྲོག་ཕྲུག་མ།།

རི་ཆུའི་དྭངས་ཤ་འཚོབ་པའི་བདག་མོ་ཡིན།།

ཚོར་བའི་ཟུར་མིག་རྒྱང་རིང་མགྲོན་ལ་འཕེན།།

ཁོག་རྒྱ་མཛངས་གཤིས་རང་སྡེའི་ཡུལ་ལ་ཆེ།།

སྐྱིད་སྡུག་གདོང་ལེན་སྤོབས་པའི་འབྲོག་མོ་དེ།།

གདོད་མའི་བོད་ཁྱིམ་སྲུང་བའི་ལྷ་མོ་ཡིན།།

རྣམ་རྟོག་འཇའ་རིས་འཁྲིགས་པའི་མི་ཡུལ་ན།།

རང་ཚུགས་ཤོར་བའི་བརྩེ་དུང་སྒྱུ་མ་འཕྲུལ།།

བོད་ཀྱི་བྲོ་བ་བདོག་པའི་འབྲོག་མོ་ཉིད།།

སེམས་ཀྱི་སྒོ་གླེགས་བརྡུང་གི་མགྲོན་པོ་ཡིན།།

༼ གདོན་ཁེར་ལངས། ༽