ཐ་ཆུང་ནི་ཐ་མའི་དོན་དང་། ནུ་བོའི་མངོན་བརྗོད། མཛུབ་ཆུང་གི་མིང་གཞན་བཅས་ལ་གོ་བར་གཞིགས་ན། ཐ་ཆུང་ནི་ཚང་མས་དགའ་བསུ་ཐོབ་པ་ཞིག་མིན་པ་འདྲ། ཡིན་ནའང་དགེ་རྒན་ཐ་ཆུང་ནི་དགེ་རྒན་ཡིན་པ་བདེན་དུ་ཆུགས་ཀྱང་ཐ་མ་མིན་ལ། ནུ་བོ་དང་མཛུབ་ཆུང་ནི་དེ་བས་ཀྱང་ངོ་། །
དྲང་མོར་བཤད་ན། ཁོའི་མིང་ཐ་ཆུང་མི་ཟེར་བར་གཡང་སྐྱབས་ཟེར་ཞིང་། ངས་ཁོ་རང་ངོ་ཤེས་དུས་ནི2015ལོ་རེད། ལོ་དེར་ཁོ་རང་ཐོག་དང་པོར་དགེ་རྒན་གྱི་ལས་གནས་སུ་ཞུགས་པ་ཡིན་ཞིང་། གཟུགས་མི་རིང་མི་ཐུང་བ་དང་། ཤ་ཅུང་སྐམ་ཞིང་རིད་པ། གདོང་ནག་པོ་ཞིག་ཡིན་པ་ལས་གཞན་ང་ལ་རྒྱུས་མངའ་སྤུ་ཙམ་མེད། རིམ་གྱིས་འབྲེལ་འདྲིས་བྱས་པར་བརྒྱུད། ཉེ་འཁོར་གྱི་མི་རྣམས་ཀྱིས་ཁོ་ལ་དགེ་རྒན་གཡང་སྐྱབས་མི་ཟེར་བར་ཐད་ཀར་ཐ་ཆུང་ཞེས་འབོད་པ་ཚོར་ནས་ང་རང་ཡ་མཚན་སྐྱེས།
ཉིན་ཞིག་ང་རང་སློབ་གྲྭ་སྒོ་ཁའི་ཚོང་ཁང་དུ་ཐ་མག་ཉོ་རུ་འགྲོ་དུས། སློབ་མ་མང་པོས་ཕྱི་རོལ་དུ་གད་སྙིགས་འཐུ་བ་དང་། ཐང་ཕྱགས་པ། སོ་ཕག་བསྒྲིགས་ནས་གྲུབ་པའི་སྙིགས་སྒམ་ཆེན་པོའི་ནང་གི་གད་སྙིགས་འཚིག་རོ་རྣམས་ཕྱི་སློག་ནང་སློག་དང་ཕར་སློག་ཚུར་སློག་གི་ལས་ལ་བྲེལ་བཞིན་འདུག་ཅིང་། ཁོ་ཚོ་ཚང་མས་སྐེ་དཀྲིས་དམར་པོ་བཏགས་ཡོད་པར་གཞིགས་ན། ཚང་མ་འཛིན་གྲྭ་སོ་སོའི་ན་ཆུང་གདོང་ལེན་པ་རྐྱང་དུ་ངེས།
ཏག་ཏག་ངས་སློབ་མ་འདི་རྣམས་ཀྱིས་མ་སྐུལ་དང་བླངས་ཀྱི་སྒོ་ནས་ལས་རླབས་པོ་ཆེ་འདི་འདྲ་བསྒྲུབས་པ་ནི་དངོས་གནས་ལེགས་པོ་འདུག་སྙམ་བཞིན་ཚོང་ཁང་དུ་སྐོམ་ཆུ་འགའ་ཉོས་ཏེ་ཁོ་ཚོར་སྟེར་བསམས་ནས་མདུན་དུ་སྐྱོད་དུས། དགེ་རྒན་གཡང་སྐྱབས་ཀྱིས་ལྗིད་ཏིག་ཏིག་གི་རས་ཁུག་གཉིས་བཟུང་ནས་ཕྱིར་ཐོན་བྱུང་བ་དང་། ཁོའི་གདོང་ཡོངས་ལ་རྡུལ་གྱིས་ཁེངས་ཤིང་། ལྭ་བའི་སྟེང་དུའང་ཐལ་རྡུལ་དང་དུད་དྲེག་གིས་ཡོངས་སུ་ཁེངས་འདུག་པས། བལྟས་ཚོད་ལ་ཉིན་ལས་པ་ཞིག་ལས་དགེ་རྒན་ཞིག་གི་བཟོ་ལྟ་ཙམ་ཡང་མི་སྣང་བས། ངས་ཀྱང་ཅུང་མིན་ན་ཁོ་རང་ངོ་མ་ཤེས།
ཁོས་ང་རང་མཐོང་མ་ཐག་ཏུ་དགེ་རྒན་རྒྱ་མཚོ་བདེ་མོ་ཟེར་བའི་མིག་བརྡ་ཞིག་དང་བཅས་ཏེ་བྱ་འཕུར་བའི་འགྲོས་ཀྱིས་སློབ་མ་རྣམས་ཀྱི་ཕྱོགས་སུ་ཕྱིན་པ་དང་། དེ་ནས་འཕྲོ་རིམ་འཕྲོར་རས་ཁུག་གཉིས་ཀྱི་ཁ་ཕྱེ་བ་ན། སློབ་མ་གཉིས་རྒྱུག་འོངས་ནས་རས་ཁུག་ནང་གི་སྐོམ་ཆུ་རྣམས་སློབ་མ་རེ་རེའི་ལག་ཏུ་སྤྲད་ཅིང་། སློབ་མ་རྣམས་ཀྱིས་ཀྱང་ག་ལེར་གཅིག་རྗེས་གཉིས་མཐུད་དུ་སྐོམ་ཆུ་འཐུང་འགོ་བརྩམས་པའི་ཚུལ་དེ་ལས་དགེ་རྒན་གཡང་སྐྱབས་དང་སློབ་མ་རྣམས་ཀྱིས་མཉམ་འབྲེལ་བྱས་པ་ཐེངས་གཅིག་མིན་ལ། དགེ་རྒན་གཡང་སྐྱབས་ཀྱིས་ཁོ་ཚོར་མགྲོན་བྱས་པ་ཐེངས་གཅིག་མིན་པ་ཁོ་བོས་ཐག་གིས་ཆོད།
ངས་ཚོང་ཁང་ལས་ཐ་མག་སྒམ་གང་ཉོས་རྗེས། གོམ་པའི་འདེགས་འཇོག་སོ་ཕག་བསྒྲིགས་ནས་གྲུབ་པའི་སྙིགས་སྒམ་ཆེན་པོའི་ཕྱོགས་སུ་བསྒྱུར་པའི་ཚེ། གཡང་སྐྱབས་ཀྱིས་ལྕགས་ཁེམ་ཐོགས་ཏེ་རི་ལྟར་སྤུངས་པའི་གད་སྙིགས་སློག་བཞིན་འདུག། ངས་དང་ཐོག་ཁོར་རོགས་བྱེད་བསམས་ནས་ཕྱིན་པ་ཡིན།གད་སྙིགས་ཀྱི་ཁྲོད་དུ་གད་སྙིགས་སློག་རྒྱུར་ཅུང་ཟད་སྐྱུག་མེར་གཟོད་མི་ནུས་པ་ལངས་བྱུང་བ་དང་། ཡང་གཅིག་བཤད་ན་ཟ་མ་ཟ་བའི་དུས་ལ་རན་པས། ངས་ཁོ་དང་སློབ་མ་རྣམས་ལ་བསྟོད་པ་འགའ་བྱས་རྗེས། ཟ་མ་ཟ་རན་པའི་བརྡ་དང་བཅས་དགོང་ཇ་འཐུང་དུ་ཕྱིན།
དགེ་རྒན་ཉི་ཤུ་ལྷག་གིས་ཇ་ཁང་དུ་ཤ་ཟ་ཞོར་དང་ནུབ་འཚལ་འཐུང་ཞོར་བྱེད་པ་མིག་གིས་མཐོང་དུས། ང་རང་ཅུང་ཟད་ཧད་དེ་ལུས་སོང་སྟེ། ཕྱི་རོལ་དུ་དགེ་རྒན་གཅིག་དང་སློབ་མ་འགས་གཙང་བཙོག་ལ་མ་འཛེམ་པར་ལས་ཀ་ལས་བཞིན་འདུག་ཅིང་། ནང་དུ་དགེ་རྒན་དང་སློབ་མ་མང་པོས་ཅི་མི་སྙམ་པར་རྔམ་ཟ་རྔམ་འཐུང་བྱེད་ཀྱིན་པ་ནི་འོས་སུ་མ་མཆིས་སྙམ་བཞིན་ཤ་ཁམ་གང་ཡང་ཟ་མ་ཕོད་ལ། ནུབ་འཚལ་ཧུབ་གང་ཡང་འཐུང་མ་འདོད་པར་དུ་བ་རྔམ་འཐེན་བྱས་ཏེ་ཡུད་ཙམ་འགོར་རྗེས། དགེ་རྒན་གཡང་སྐྱབས་ཀྱང་ཇ་ཁང་དུ་འབྱོར་བྱུང་བ་དང་། ཨ་ནེ་ཇ་མ་དེ་མ་ཐག་ཡང་ལངས་ཏེ་ལྕགས་གཞོང་དུ་ཆུ་བླུགས་ཤིང་། དགེ་རྒན་གཡང་སྐྱབས་ལ་ལག་པ་བཀྲུ་བའི་བརྡ་བསྟན་པ་དང་སྦྲགས། ཁོས་ཀྱང་རང་གི་བྱམས་བརྩེ་ལྡན་པའི་ཨ་མ་ལ་ལྟ་བའི་མིག་ཟུང་གི་མདངས་དང་དགའ་བའི་འཛུམ་དང་བཅས་ལག་པ་གཙང་མར་བཀྲུས་རྗེས། ཨ་མ་འདྲ་བའི་ཨ་ནེ་ཇ་མས་ལག་ཕྱིས་དགེ་རྒན་གཡང་སྐྱབས་ལ་ཕྱིན་པ་དང་། དེ་ནས་ལྕགས་ཐབ་སྟེང་གི་བ་མའི་ནང་དུ་བསྲོས་པའི་ནུབ་འཚལ་དཀར་ཡོལ་གང་དང་ཤ་སྡེར་མ་གང་པོ་དགེ་རྒན་གཡང་སྐྱབས་འདུག་སའི་ཅོག་ཙེ་སྟེང་ལ་བཞག་པ་ན། དགེ་རྒན་གཡང་སྐྱབས་ཀྱིས་རང་གནས་སུ་ནུབ་འཚལ་འཐུང་འགོ་བརྩམས་པ་དང་། དགེ་རྒན་གཞན་དག་གིས་སྔར་ལྟར་རྔམ་ཟ་རྔམ་འཐུང་དང་ལབ་གླེང་སྣ་ཚོགས་ཀྱིས་དུས་འདའ་བར་བྱེད་པ་ལས་དགེ་རྒན་གཡང་སྐྱབས་རྗེས་སུ་ལུས་པའི་རྒྱུ་མཚན་འདྲི་མཁན་དང་ཁོར་སེམས་ཁུར་བྱེད་མཁན་མེད་ཚོད་འདུག། ཐེངས་དེ་ནས་བཟུང་སྟེ་དགེ་རྒན་གཡང་སྐྱབས་ཞེས་པ་དེ་ཉིད་ངའི་མིག་ལ་བབས་ཤིང་སེམས་ལ་སིམ་སྟབས། ངས་ཁོའི་འགྲོ་འདུག་སྤྱོད་གསུམ་གང་ཅིའི་ཐད་ལ་དོ་སྣང་ཡང་ཡང་བྱས་པ་ལྟར་ན། ཁོ་ནི་སྨྲ་བ་ཉུང་ཞིང་ལས་རིགས་ལ་བློ་དཀར་བ་དང་། སློབ་ཁྲིད་ལ་ནང་བྱན་ཆུད་ཅིང་སློབ་མ་ལ་བྱམས་བརྩེ་དང་ལྡན་པ། དཔེ་ཀློག་ལ་སྤྲོ་བས་འཇུག་ཅིང་རྩོམ་འབྲི་ལ་ཞེན་པ་ཞིག་ཏུ་མ་ཟད། དཀའ་ངལ་ལ་མགོ་བོ་མི་སྒུར་བ་ཞིག་སྟེ།གཡང་ཕྱུག་སློབ་གྲྭ་ནི་རོང་མ་འབྲོག་གི་ཡུལ་དུ་གནས་ཆགས་ཡོད་ནའང་ས་བབ་ཅུང་མཐོ་བས། གང་དེ་ནི་དགུན་རིང་ཞིང་དབྱར་ཐུང་བའི་རིགས་ལ་གཏོགས་པར་མ་ཟད། ཁ་བ་འབབ་ཐེངས་མང་ཡང་མང་ལ། ཁ་བ་བབས་པའང་མཐུག་ཀྱང་མཐུག་པར་བརྟེན། གཞི་ཁྱོན་ཆེ་བའི་སློབ་གྲྭའི་ར་བའི་ཁ་བ་ཕྱགས་རྒྱུ་ནི་དཀའ་ཙམ་གདའ་ལ། ཐ་ན་དགེ་སློབ་རྣམས་བགྲོད་སའི་ལམ་ཞིག་བཏོད་རྒྱུའང་སླ་མོ་ཞིག་ག་ལ་ཡིན་ཏེ་ཡེ་ནས་མ་ཡིན་པས། ཁ་བ་ཕྱགས་རྒྱུ་ནི་དགེ་རྒན་དབང་ལྡན་གྱི་ཞོར་ལས་སུ་ངང་གིས་གྱུར།
ད་ནངས་ཀྱང་ཁ་བ་མཐུག་པོ་བབས་འདུག་པས། ཕྱི་རོལ་ནི་དངུལ་དཀར་གྱི་འཇིག་རྟེན་ཞིག་དང་གཉིས་སུ་མ་མཆིས། ང་རང་ཁ་ལག་གཙང་མར་བཀྲུ་རྒྱུར་ཡང་སྒྱིད་ལུག་སྟེ་གཉིད་མ་སད་དང་བགྲོད་མ་འདུག་གིས་ཐོས་བསམ་གླིང་གི་ཕྱོགས་སུ་སྐྱོད་དུས། དགེ་རྒན་གཡང་སྐྱབས་ཀྱིས་སློབ་མ་བཅུ་སྣེ་ཁྲིད་དེ་ཨར་འདམ་གྱི་རྡོ་སྐས་སྟེང་གི་ཁ་བ་རྣམས་གཙང་ཕྱགས་བྱེད་པར་བྲེལ་ཅིང་། ཁོ་ཚོའི་བྱ་བྱེད་ལས་ཁོ་རང་ཚོ་བྱ་བ་འདི་ལ་སུན་སྣང་མེད་ཅིང་གོམས་ལོབས་སུ་གྱུར་ཡོད་པའི་སྣང་བ་ཞིག་སྟེར་པར་བྱེད། ང་ནི་གང་མགྱོགས་ཀྱིས་སློབ་ཁང་དུ་ཕྱིན་ཏེ་ནངས་སྦྱོང་གི་དུས་ཚོད་དམ་འཛིན་བྱས་ཤིང་། མཚམས་ཤིག་ངས་སྒེའུ་ཁུང་ལས་ཕྱི་རོལ་དུ་ལྟ་དུས། ནངས་སྦྱོང་ཡོད་པའི་དགེ་རྒན་ལྔ་དྲུག་ཙམ་ཁོ་དང་སློབ་མ་ཚོས་ཕྱགས་པའི་ལམ་བུ་བརྒྱུད་དེ་འཕྲོ་རིམ་འཕྲོར་སློབ་ཁང་དུ་ཕྱིན་ཞིང་། སུས་ཀྱང་ཁོ་ཚོར་དོ་སྣང་མ་བྱས་ལ། རོགས་རམ་ནི་དེ་བས་ཀྱང་སྲིད་མཐའ་ཙམ་དུ་ཟད། ཁོ་ཚོས་ད་དུང་ཡིད་དགའ་ཡལ་ལེ་བ་དང་སེམས་སྤྲོ་ཉིལ་ལེ་བའི་ངང་ནས་ཁ་བ་ཕྱགས་པར་བསམས་ན། རང་ཉིད་སློབ་ཁང་དུ་བསྡད་ན་འགྲིག་མིན་ཡང་ཤེས་དཀའ་མོ་རེད།
དགེ་རྒན་གཡང་སྐྱབས་ནི་དངོས་གནས་ཀུན་དང་མི་མཐུན་པ་ཞིག་སྟེ། གང་དུ་སློབ་གྲྭའི་ལས་ཀ་ཡོད་ན་དབང་ལྡན་དེ་རུ་ཡོད་ཅིང་། སློབ་མ་སུ་ལ་དཀའ་ཁག་ཡོད་ན་དབང་ལྡན་དེ་རུ་ཡོད་ལ། གང་དུ་སློབ་གསོས་གཙོས་པའི་གནད་དོན་ཡོད་ན་ཁོའི་འཆད་རྩོད་རྩོམ་གསུམ་གྱི་མདའ་མོ་ཡང་དེ་རུ་གཏད་གཏད་ལ་ཡོད་པས་མཚོན། སློབ་གྲྭའི་ཕྱི་ནང་གང་རུང་དུ་བྱ་འགུལ་སྤེལ་དུས་དང་། སློབ་མ་ལ་རོགས་སྐྱོར་བྱེད་དུས། ཁྱིམ་བདག་ལ་འཚམ་བདེ་ཞུ་དུས་སོགས་སུ་ཁོ་རང་མེད་ས་མེད་ལ། དགེ་རྒན་ཕུལ་བྱུང་ཅན་དང་། འཛིན་བདག་དཔེ་ལེགས་ཅན། དཔྱད་བསྡུར་སྔོན་ཐོན་ཅན་གྱིས་མཚོན་པའི་བྱ་དགའ་སྤྲོད་དུས་སུའང་གཟེངས་རྟགས་ཕལ་མོ་ཆེ་ནི་ཁོས་ཟིན་འདུག་པས། ཁོ་རང་སློབ་སྤྱིའི་ཡ་ཐོད་ཀྱི་མིག་དང་ཁྱིམ་བདག་རྣམས་ཀྱི་ཡ་ཆུང་གི་སྙིང་དུ་ངང་གིས་གྱུར་པ་དང་སྦྲགས། དགེ་རྒན་ཕལ་མོ་ཆེའི་མིག་ནང་གི་གྲ་མར་གྱུར་པའང་རྫུན་ཅི་ལ་ཡིན།
གཡང་ཕྱུག་སློབ་གྲྭའི་དགེ་རྒན་རྣམས་ལ་ཐུན་མོང་གི་དགའ་ཕྱོགས་ཤིག་ཡོད་པ་ནི་ཤོག་ཕེ་རྒྱག་ཞོར་དུ་ཆང་འཐུང་རྒྱུ་དེ་རེད། ཁོ་ཚོའི་བསམ་པར་དེས་དགེ་རྒན་ཕན་ཚུན་བར་ལ་རྒྱུས་ལོན་ཅིང་འདང་ཆགས་པར་ཕན་ནོ་སྙམ་དུ་བསམ་གྱིན་ཡོད་པས། སུ་ཞིག་བྱ་འགུལ་དེ་ལ་མ་ཞུགས་ན་དེ་ནི་ཀུན་དང་མི་མཐུན་པ་དང་། དགེ་གྲོགས་ལ་གྲོས་མི་འཆམ་པ་དང་། མིང་བཏགས་ཀྱི་རྒྱུག་ཁྱི་དང་། ཐ་ཆུང་དུ་སོགས་སུ་བསྒྲགས་དང་སྒྲོག་བཞིན་ཡོད། ཡིན་ནའང་ང་ནི་ལོ་ན་རྒན་པ་དང་། ཉིན་རེའི་ཁ་ཏོན་མི་ཚར་བ། སྒོས་སུ་ཤོག་ཕེ་རྒྱག་ས་རུ་དགེ་རྒན་གསར་བུ་རྣམས་ཀྱི་རྐང་དྲི་དང་། དུ་དྲི། ཆང་དྲི་སོགས་ཀྱིས་ཁེངས་འདུག་པར་བརྟེན། ང་རང་དགེ་རྒན་རྣམས་འཛོམས་ས་རུ་ཐེངས་འགའ་ལས་སོང་མ་མྱོང་བ་དང་། དགེ་རྒན་གཡང་སྐྱབས་ནི་ངལ་གསོའི་སྐབས་སུ་དཔེ་ཀློག་ལས་གཞན་གང་ལ་ཡང་སྤྲོ་བ་མེད་ཅིང་། ཉེ་ཆར་གློ་བ་མ་བདེ་བར་མཚན་མོར་གློ་ལུ་བརྒྱབ་ནས་མཚམས་མི་འཇོག་པས། ཤོག་ཕེ་རྒྱག་ས་རུ་འགྲོ་ག་ལ་སྲིད། ཡང་གཅིག་བཤད་ན། ཁོས་རྣམ་ཀུན་སློབ་ཁྲིད་ལ་ཉན་རེས་དང་གྲོས་སྡུར་བྱེད་རེས་དང་། དཔེ་ཀློག་བྱེད་རེས་དང་བསམ་ཚུལ་བརྗེས་རེས། བྱ་འགུལ་སྤེལ་རེས་དང་སྤྱི་སྡོམ་བྱེད་རེས། ལེགས་ཆ་སྤེལ་རེས་དང་ཉེས་སྐྱོན་སེལ་རེས། གཟེངས་རྟགས་འབུལ་རེས་དང་ཆད་པ་གཅོད་རེས། རམ་བུ་འདེགས་རེས་དང་འགྲན་སྡུར་བྱེད་རེས་བཅས་ཀྱི་རྒྱུན་བསྐྱངས་ན་ནི་དགེ་རྒན་རྣམས་ཀྱི་བར་དུ་འདང་ཡང་ངང་ངམ་ཤུགས་ཀྱིས་འབྱུང་སྲིད་ཀྱི། མཉམ་དུ་འུར་རྒྱག་པ་དང་། ཤོ་རྩེ་བ་དང་། ཆང་འཐུང་བ་སོགས་ལ་བརྟེན་ནས་བརྩེ་འདང་ཆགས་ལ་རེ་བ་ནི་དོན་དུ་ཤོག་ཁག་སྒྲིག་པ་དང་གཡོན་ལྷུང་གི་བསམ་སྦྱོར་ལས་ཅི་ཡང་མིན་སྙམ་དུ་བསམ་བཞིན་འདུག། དེར་བརྟེན། དགེ་རྒན་ཕལ་མོ་ཆེས་དགེ་རྒན་གཡང་སྐྱབས་ལ་ཐ་ཆུང་ཞེས་པའི་མིང་གསར་པ་ཞིག་བཏགས་ཡོད།
ཡིན་ནའང་ཐ་ཆུང་ཞེས་པའི་མིང་དེ་ནི་དགེ་རྒན་གཡང་སྐྱབས་ཀྱིས་ཕར་ལ་བཏགས་ན་འོས་ཤིང་འཚམ་པའི་རྒྱུར་གྱུར་བ་ལས། ཚུར་དགེ་རྒན་གཡང་སྐྱབས་ལ་བཏགས་ན་ནི་འོས་པའི་ཆ་སྤུ་ཙམ་ཡང་མེད་པར་སྣང་སྟེ།
ལོ་རེའི་དགུན་རྒྱ་སྟག་འདྲ་མོ་ཐོན་ཐེངས་རེར། ས་འདིའི་ག་ས་གང་ལ་ཙག་ལྡོམ་གྱི་བཙན་འཛུལ་ཐེབས་འགྲོ་ཞིང་། ང་ཚོའི་སློབ་གྲྭའི་ཁོར་ཡུག་ཅུང་ཆེ་བས། སློབ་ཐུན་གྲོལ་ཐེངས་རེར་སྤྱོད་ཁང་དུ་འགྲོ་བར་དགའ་བའི་སློབ་ཆུང་སློབ་མ་རྣམས་ལ་མཚོན་ན། གཅིན་སྐྱག་གཏོང་དུ་འགྲོ་ཐེངས་རེར་ཙག་དང་རྡུང་རེས་ཐེངས་རེ་བྱེད་དགོས་ཤིང་། སློབ་གྲྭས་གནས་ཚུལ་དེར་དམིགས་ཏེ་ཆེད་དུ་ཐོས་བསམ་གླིང་དང་ཐག་ཉེ་ས་ཞིག་ཏུ་སྤྱོད་ཁང་གསར་པ་ཞིག་ལས། ནམ་རྒྱུན་སློབ་སྐབས་མཇུག་མ་རྫོགས་གོང་ལ་ཕོ་སྤྱོད་ཁང་གི་གཅིན་གཏོང་ས་ག་ལ་བ་དེར་དར་མཐུག་པོ་ཆགས་ཏེ་གཅིན་བཞུར་ས་འགག་འགྲོ་བར་མ་ཟད། སྤྱོད་ཁང་གི་གང་ཡིན་སར་གཅིག་སྐྱག་གིས་ཁེངས་ཡོད་པས། དགེ་རྒན་གཡང་སྐྱབས་ཀྱིས་རང་འཛིན་གྲྭའི་སློབ་མ་རྣམས་སྣེ་ཁྲིད་དེ་གཞུང་ལས་ཁང་སོ་སོའི་ལྕགས་ཐབ་ཀྱི་ཐལ་རྣམས་ཕྱུང་ནས་སྤྱོད་ཁང་གི་གཅིན་སྐྱག་རྣམས་ཀྱི་སྟེང་དུ་བླུགས་ཏེ་ངོས་མཉམ་པར་གཅོལ་ཅིང་། དེ་ནས་སློབ་གྲོགས་མོ་རྣམས་ཀྱིས་གཙང་སྦྲའི་འགན་ཁུར་པ་དང་། རང་དང་སློབ་ཕྲུག་ཕོ་རྣམས་ཀྱིས་སྤྱོད་ཁང་གི་དར་རྣམས་གསིལ་བའི་འགན་བཞེས། བསམ་ཡུལ་ལས་འདས་པ་ཞིག་ནི། དར་གསིལ་བའི་འགྲོས་དང་བསྟུན་ནས་ཁོའི་སློབ་མ་རྣམས་ཀྱི་གདོང་ལའང་རྒྱལ་ཁའི་འཛུམ་མདངས་ལྷུག་ལྷུག་ཏུ་བཀྲ་ཞིང་། བལྟས་ཚོད་ལ་བྱ་བ་དེ་ནི་ཁོ་ཚོ་འཛིན་གྲྭའི་འགན་ཁུར་རམ་ལས་བྱ་ཡིན་པའི་སྣང་བ་སྟེར།
ལོས་ཡིན་དང་ཡིན་ཏེ། དགེ་རྒན་གཡང་སྐྱབས་ཀྱིས་རྟག་ཏུ། སློབ་གྲྭ་དགའ་བོའི་ལྷ་འཁོར་ནས། །དགེ་རྒན་གདའ་བོའི་གཡང་འཁྱིལ་ན། །སློབ་མ་དགའ་བོའི་གཏེར་བརྡོལ་བ། །སློབ་གསོ་འཕེལ་བའི་ཆོས་ཉིད་ཡིན་ཞེས་ཟེར་ཞིང་། ཁོ་ཚོ་འཛིན་གྲྭའི་དམིགས་འབེན་ནི། ཀུན་སྤྱོད་སྲོག་དང་། སྐད་ཡིག་ཟས། རྒྱ་ཡིག་གོས། དབྱིན་ཡིག་རྒྱན། ཚན་རིག་གཉེན་ཡིན་པས་མཚོན། དགེ་རྒན་སུ་ཞིག་ཡིན་རུང་། རྒྱལ་ཁབ་ལ་ཕ་དང་། མི་རིགས་ལ་མ། སློབ་གྲྭ་ལ་ཁྱིམ། བདེ་ཐང་ལ་བླ། དཔེ་ཀློག་ལ་ཟས། དགེ་གྲོགས་ལ་སྤུན། ཁྱིམ་བདག་ལ་གྲོགས། སློབ་མ་ལ་སྲས་ཀྱི་འདུ་ཤེས་བཟུང་ན་ནི། མཐུན་སྒྲིལ་དང་། སྙན་གྲགས་དང་། སྐར་འབྲས་དང་། ལ་རྒྱ་དང་། འགན་ཁུར་སོགས་ཀྱང་ཐག་ཞོར་འབྲེང་འདྲུད་ཀྱིས་འབྱུང་ངེས་སོ་ཟེར།
དགེ་རྒན་ཐ་ཆུང་ཞེས་པའི་མིང་ཞིག་ཡོད་ཕྱིན། དགེ་རྒན་རྣམས་ཀྱི་གྲས་སུ་ཐ་ཆུང་ཞིག་ཅིས་ཀྱང་ཡོད་ངེས་ཀྱང་ངེས་ལ་དགོས་ཀྱང་དགོས་ཀྱི། དགེ་རྒན་ཐ་ཆུང་ནི་དགེ་རྒན་ཡིན་པ་བདེན་དུ་ཆུགས་ཀྱང་ཐ་མ་མིན་ལ། ནུ་བོ་དང་མཛུབ་ཆུང་ནི་དེ་བས་ཀྱང་ངོ་། །
༼ གཅན་གླག་མིག། ༽