ཁེངས་དྲེགས་ཀྱི་ལོ་མ་དང་བྱིའུ་རྫོབ་པོ་དེ་དག།
རང་ཚུགས་མེད་པར་སྟོན་རླུང་གིས་སྤུར་དུས།
ཤུལ་དུ་ལུས་པ་ནི་ཁེར་རྐྱང་གི་སྡོང་པོ།
སྙིང་དུ་སྡུག་པའི་མེ་ཏོག།
བག་ཉལ་གྱིས་གཉོར་རུང་།
སྙིམ་པར་ཁྱོར་དུས་གསོན་ཉམས་ཀྱི་ཁ་དོག་ཡལ།
གཡུ་ཤུག་ཟིལ་པ་མཐའ་ཡས་པའི་ལོ་མའི་འཁྲིས་སུ།
རང་དབང་གིས་འཕུར་ལྡིང་བྱས་ཏེ་ཚིག་གི་ལོ་མ་བྲིས་ཀྱང་།
སྐྱོ་ཤས་ཀྱི་གླུ་དབྱངས་གཉོམ་པོ་རླུང་གིས་ཁུར།
ཡང་འབྲས་ལོན་པར་འདོད་པའི་ནམ་ཟླ་འདིར།
ཞེན་ཆགས་ཀྱི་རླུང་བུ་ལྡིང་ཐེངས་རེར།
འབྲས་ལྡན་གྱི་ལོ་མར་ཆགས་པ་གཞི་ནས་སྐྱེས།
ལྗང་མདོག་གི་དབྱར་ཁས་མ་འདོད་བཞིན་འཁྱེར་བའི་
ནད་ཀྱི་བུ་ལོན།
ད་ལྟ་གསེར་མདོག་གི་སྒེག་ལྡན་དབྱིག་མོས་གཡོ་འཛུམ་གྱིས།
མི་ཡུལ་དུ་དགོད་སྒྲའི་མཛེས་ཉམས་བསྐྲུན་སྲིད་དམ།
༼ གདོན་ཁེར་ལངས། ༽