国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཞི་ཅིན་ཕིང་གིས་མཚོ་འགག་ངོགས་གཉིས་ཀྱི་གཞོན་ནུའི་འཕེལ་རྒྱས་གླེང་སྟེགས་སྐབས་དྲུག་པར་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་པ།

ཞིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ9ཚེས15ཉིན་གློག་འཕྲིན་འབྱོར་གསལ། ཚེས15ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི།ཀྲུའུ་ཞི་ཞི་ཅིན་ཕིང་གིས་མཚོ་འགག་ངོགས་གཉིས་ཀྱི་གཞོན་ནུའི་འཕེལ་རྒྱས་གླེང་སྟེགས་སྐབས་དྲུག་པར་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་པ་རེད།

ཞི་ཅིན་ཕིང་གིས་གཞོན་ནུ་ནི་རྒྱལ་ཁབ་ཀྱི་རེ་བ་དང་མི་རིགས་ཀྱི་འབྱུང་འགྱུར་རེད། མཚོ་འགག་ངོགས་གཉིས་ཀྱི་གཞོན་ནུའི་འཕེལ་རྒྱས་གླེང་སྟེགས་ཀྱིས་ངོགས་གཉིས་ཀྱི་གཞོན་ནུའི་སྤེལ་རེས་དང་སྙིང་གཏམ་ཤོད་རེས་དང་། ཕན་ཚུན་སློབ་སྦྱོང་དང་དཔྱད་གཞིར་འཛིན་རྒྱུར་ལས་སྟེགས་གལ་ཆེན་ཞིག་མཁོ་འདོན་བྱས་ཡོད་པས། ངོགས་གཉིས་ཀྱི་གཞོན་ནུ་དེ་བས་མང་པོས་གླེང་སྟེགས་བརྒྱུད་བསམ་སྦྱོར་གཅིག་མཐུན་དང་ལག་གདང་སྦྲེལ་ནས་འབད་བརྩོན་བྱེད་པའི་གྲོགས་པོ་བཟང་པོ་དང་རོགས་ཟླ་བཟང་པོར་གྱུར་ཏེ། ངོགས་གཉིས་ཀྱི་འབྲེལ་བ་འཆམ་མཐུན་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བ་དང་མེས་རྒྱལ་གཅིག་གྱུར་གྱི་བྱ་གཞག་ཆེན་པོར་སྐུལ་འདེད་གཏོང་ཆེད་ལང་ཚོའི་སྟོབས་ཤུགས་རྒྱུན་མི་ཆད་པར་སྐྱེས་སུ་འབུལ་རྒྱུའི་རེ་བ་ཡོད་ཅེས་གསུངས།

ཞི་ཅིན་ཕིང་གིས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་ཡོང་བ་བྱ་རྒྱུ་ནི་ཀྲུང་ཧྭའི་བུ་ཕྲུག་ཡོངས་ཀྱི་ཐུན་མོང་གི་བསམ་འདུན་རེད། ངོགས་གཉིས་ཀྱི་གཞོན་ནུ་ཚོ་ཏག་ཏག་དུས་ཚོད་འདིར་འཚར་ལོངས་འབྱུང་བཞིན་ཡོད་པས་འཇོན་ཐང་ངོམ་སའི་ལས་སྟེགས་ཧ་ཅང་རྒྱ་ཆེན་པོ་ཡོད་པ་དང་ཕུགས་འདུན་མངོན་འགྱུར་ཡོང་བར་བྱེད་པའི་མདུན་ལམ་འོད་ཟེར་སྟོང་ལྡན་ཞིག་ཡོད། ཐའེ་ཝན་གྱི་གཞོན་ནུ་སྐམ་ས་ཆེ་མོར་ཕུགས་འདུན་དོན་གཉེར་དང་། གཏོད་པ། མངོན་འགྱུར་བཅས་ཡོང་བར་ང་ཚོས་དགའ་བསུ་ཞུ་གི་ཡིན། ངོགས་གཉིས་ཀྱི་གཞོན་ནུ་ཚོས་ལོ་རྒྱུས་ཀྱི་འཕེལ་ཕྱོགས་ཆེན་པོ་ཁོང་དུ་ཆུད་པ་དང་། མི་རིགས་ཀྱི་བདེན་དོན་བརྟན་སྲུང་། རྒྱལ་ཁབ་གཅིག་གྱུར་སྲུང་སྐྱོང་། དུས་རབས་ཀྱི་འགན་འཁྲི་ལྕི་པོ་ཕྲག་ཐོག་ཏུ་འཁུར་ཕོད་པ། ངོགས་གཉིས་ཀྱི་འབྲེལ་བ་ཞི་བའི་ངང་འཕེལ་རྒྱས་འགྲོ་བའི་ཡང་དག་པའི་ལམ་བུར་བློ་བརྟན་འགྱུར་མེད་ངང་སྐྱོད་པ་བཅས་བྱས་ནས་ངོགས་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་གཏོང་བའི་མདུན་ལམ་དང་ལས་དབང་དེ་ངོགས་གཉིས་ཀྱི་ཀྲུང་གོ་བའི་ལག་ཏུ་བརྟན་པོ་འཛིན་རྒྱུའི་རེ་བ་ཡོད་ཅེས་ནན་གསུང་གནང་བ་རེད།

མཚོ་འགག་ངོགས་གཉིས་ཀྱི་གཞོན་ནུའི་འཕེལ་རྒྱས་གླེང་སྟེགས་སྐབས་དྲུག་པས“སེམས་པ་གཅིག་མཐུན་དང་རྡོག་རྩ་གཅིག་སྒྲིལ་གྱིས་ཨེ་ཤེ་ཡ་ལུས་རྩལ་འགྲན་ཚོགས་ལ་བསུ་མ་ཞུ་བ་དང་ལག་གདང་སྦྲེལ་ནས་འཆར་འགོད་གསར་པ་བྱ་དགོས”ཞེས་པ་གཙོ་དོན་བྱས་ཏེ་ཚེས15ཉིན་ཀྲེ་ཅང་ཧང་ཀྲོའུ་རུ་གླེང་སྟེགས་ཀྱི་འགོ་ཚུགས་ཚོགས་འདུ་འཚོགས་པ་དང་གླེང་སྟེགས་གཙོ་བོ་གཉེར་བ་རེད།། ( མི་དམངས་དྲ་བ་ནས་དྲངས།)