སྟོན་མཚན་ཟླ་འོད་མུན་པའི་ཀློང་དུ་ཡིབ། །
འཛིན་མའི་ཁྱོན་དུ་རབ་དཀར་ཁ་བས་འགེངས། །
སྟོན་མཇུག་རླུང་བུའི་སྐྱོ་སྣང་རུམ་གང་བསྐྱུར། །
གདུང་བའི་སྐྱུར་ཆང་མི་བཏུང་ཁ་མེད་བྱུང་། །
ཟི་ལིང་གྲོང་ནས་སྙན་ངག་པ་ཞིག་གཤེགས། །
དབྱངས་གསལ་གཉིས་ཀར་ཕྱིར་མིག་འཕེན་གྱིན་དུ། །
ཚེ་གཅིག་མི་ཚེ་སྙན་ངག་ལ་བཅོལ་བས། །
ཁོང་ཉིད་བཞུད་པ་བོད་ལ་ཤིན་ཏུ་འཕངས། །
མི་ཚེ་འདི་ཡང་སྟོན་ཀའི་ཤིང་ལོ་བཞིན། །
ངེས་མེད་རླུང་གིས་ཁྱེར་ནས་ཚེ་ཕྱེད་འདས། །
དོན་ལྡན་བྱ་བ་གཅིག་ཀྱང་འགྲུབ་མེད་པས། །
བསམ་ཞིང་བསམས་ན་ཤིན་ཏུ་སྐྱོ་བའི་གནས། །
དབེན་དགོན་འདི་དང་མི་ཚེ་དམ་དུ་སྦྲེལ། །
ཐོག་མར་ཆོས་ཀྱི་སྒོ་གླེགས་འདི་ནས་བརྡུངས། །
བཤེས་གཉེན་དམ་པའི་ཞབས་ཟུང་སྤྱི་བོར་བཀོད། །
བར་དུ་འཆད་རྩོད་རྩོམ་པའི་གཞུང་ཡང་བསླབས། །
དམ་པ་གོང་མའི་རྣམ་ཐར་མང་བལྟས་པས། །
དང་པོ་རྒྱ་ཆེན་ཐོས་པ་བཙལ་སྐབས་སུ། །
སློབ་སྦྱོང་ཕྱིར་དུ་རྒྱང་རིང་ཡུལ་ལ་ཕྱིན། །
དཀའ་སྤྱད་སྡུག་རུས་སྨྲ་བསམ་བརྗོད་ལས་འདས། །
གཉེན་དང་ཕ་མ་ཕུ་ནུ་རྒྱབ་ཏུ་བསྐྱུར། །
དེ་དག་ཡོད་ཚད་ཐོས་པ་དོན་གཉེར་ཕྱིར། །
དེ་ཕྱིར་སྔོན་རབས་དམ་པའི་རྣམ་ཐར་ནི། །
རྗེས་འཇུག་སྐྱེ་བོའི་ཉམས་ལེན་དུ་འཆད་པས། །
བདག་ཀྱང་ཐར་བ་དོན་དུ་གཉེར་ཕྱིར་དུ། །
ཐོས་པ་འཚོལ་ཕྱིར་གྲྭ་སར་འགྲོ་བསམ་མོད། །
རང་དགོན་འདི་ནས་མ་བསྡད་བུད་སོང་ན། །
བླ་མའི་ཐུགས་དང་དགོན་པར་འགལ་འགྲོ་ཟེར། །
གང་དུ་ཕྱིན་ཀྱང་འདི་ལས་ལྷག་ཅིག་མེད། །
དྲན་རྒྱུ་མ་མང་འགྲོ་རྒྱུ་ཉུང་ཉུང་བྱོས། །
ངེས་པར་འགྲོ་དགོས་ཨུ་ཚུགས་མང་བྱས་ཀྱང་། །
ཁོང་ཚོ་མ་འཆི་བར་དུ་མི་ཆོག་ཟེར། །
དེ་ནས་བདག་ཀྱང་ཨུ་ཐུག་ཐབས་ཟད་དེ། །
རང་སེམས་སྟོན་སའི་མི་ཞིག་མ་རྙེད་ལ། །
དབྱར་དང་སྟོན་ཀའི་མཛེས་པ་མ་མཐོང་བར། །
རྒྱང་རིང་སེམས་པར་བཏགས་ཏེ་ཡུན་རིང་ལུས། །
སྟོན་ཆར་ཟམ་ཟིམ་འབབ་པའི་ཞོགས་པ་འདིར། །
ཡིད་ཀྱི་སྨུག་པ་མ་སངས་གཞས་ལ་ཉན། །
ཞེ་ཡི་འདང་ལ་འཁོར་བའི་སེམས་རྟེན་ཏེ། །
ཁེར་རྐྱང་སྙན་ངག་བྲིས་ནས་སྐྱོ་སྣང་བསངས། །
སྟོན་མཇུག་ཁ་བས་མི་སེམས་འཁྱག་ལ་སྦྱར། །
ལོ་མ་ལྡོམ་པོ་ཞིག་གིས་གདུང་དབྱངས་དཀྲོལ། །
དོ་དགོང་ང་ཡི་སྒྲ་འཛིན་དབང་བོ་རུ། །
གཡེར་དྲིལ་སྙན་མོའི་སྒྲ་འདི་རྒྱུས་ཡོད་ཅིག །
གྲོགས་དང་ཆོས་གྲོགས་ཕལ་ཆེར་འཛོམས་བྱུང་ངོ་། །
རྣམ་གཡེང་སྒྱིད་ལུག་གྲོགས་སུ་བསྟེན་པའི་བདག །
འདི་ནས་ཚེ་ཕྱེད་རྫོགས་པའི་ང་རང་ཡང་། །
སྐྱོ་ངལ་དང་བཅས་སླར་ཡང་འདི་རུ་མཆིས། །
ལྷོ་རུ་གཏད་པའི་སྒེའུ་ཁུང་འགྲམ་ཟུར་ནས། །
མིག་ཟུང་རྒྱང་ལ་ཕྱོགས་ཀྱིན་རང་སེམས་གསོས། །
སྟོན་མཇུག་སྨྲེང་བས་སེམས་ནི་རབ་རིབ་ཏུ། །
ཞེ་སྡུག་ངག་ལ་དྲངས་ནས་གླུ་རུ་གྱེར། །
༼ གངས་ཚ་འཇོམས། ༽