ལྷོ་རུ་སྤྲིན་གྱི་འདུ་འགོད་ལྷུག་པོར་འཁྲིགས། །
བྱང་གི་སྐྱི་བསེར་སྨྲེ་སྔགས་རྣ་ལ་གཟན། །
ཤར་ནུབ་གཉིས་སུ་བརྐྱངས་པའི་དར་སྐུད་དེས། །
ཁྱོད་ཀྱི་ཞལ་རས་མེ་ཏོག་པདྨས་དྲུབས། །
བསླུ་བྲིད་འོད་དུ་འཚེར་བའི་སྐར་ཚོམ་ལ། །
མིག་ཟུང་ཅེར་ཏེ་ལྷིང་འཇགས་མཚན་མོའི་ཀློང་། །
ཁྱོད་ཀྱི་འཇིག་རྟེན་སྙེག་པའི་གོམས་སྟབས་བསྒྱུར། །
སྐད་ཅིག་འགྱུར་བའི་ལོ་ཟླ་ཁད་ཀྱིས་ཟད། །
སྨྲེང་བ་སྒོམ་པའི་དབེན་པའི་རི་གྲོང་དེར། །
སྨུག་པ་བཀླུབས་པའི་རྒྱ་ཕིབས་མག་མོག་ཅིག །
སེམས་ཀྱི་གཉུག་མ་སྨུག་སྤྲིན་ཀློང་དུ་ཡལ། །
ཆར་རྡུལ་རེ་གཉིས་ཟགས་དུས་ཁྱོད་ཉིད་དྲན། །
སྣ་ཚོགས་ལས་ཀྱི་གོང་བུ་ཕྱོགས་མེད་བཞུད། །
ཀྱག་ཀྱོག་རྒྱུ་བའི་གཙང་པོ་དལ་འབབ་དེས། །
རྟེན་འབྱུང་ལང་ཚོ་རྫོགས་པའི་གུར་ཁྱིམ་ཕབས། །
ལོ་ཟླ་མཛུབ་རྩེར་ལྷུང་བའི་ཁ་རུ་བསྡད། །
ལང་ལོང་འཕྱུར་བའི་ན་བུན་སྟུག་པོའི་ཁྲོད། །
གདོད་མའི་གླུ་སྐད་འཁྱིལ་བའི་དབེན་གྲོང་ནས། །
སྐབས་རེར་རྟོགས་ལྡན་དཔའ་བོའི་ཉམས་རྟོགས་དྲན། །
ལན་རེར་རིག་བྱེད་གླུ་ཡི་འགྱུར་ཁུགས་དྲན། །
འཇག་སྐྱ་རླུང་གིས་བསྐྱོད་པའི་ཤུགས་གླུ་དེས། །
མི་བདེན་འཁྲུལ་བའི་ཆོས་ཀྱི་མངར་ཁ་བྱིན། །
བགྲང་བྱ་སུམ་ཅུ་ཕྱིན་པའི་ཁུགས་སོ་ནས། །
འདི་ཞེས་བསྙད་དུ་མེད་པའི་ཆོས་མ་མཐོང་། །
རྨོངས་པས་བསླུ་པའི་རང་སེམས་གཉོམ་པོ་དེ། །
ཡོད་མེད་ཕྱོགས་སུ་ལྷུང་བའི་མྱ་ངན་དེས། །
ཟབ་ཞི་ཆོས་ཉིད་མཐོང་བའི་སྐལ་མ་མཆིས། །
དག་པའི་ཆོས་ཉིད་ན་བུན་ཀློང་དུ་འཐིམ། །
བསིལ་འཇམ་རླུང་བུ་སྙིང་ལ་རྒྱུ་དུས་སུ། །
སྐྱོ་གདུང་ཁྲག་གིས་མནར་བའི་ཉི་ནུབ་ཤར། །
འདུ་བྲལ་སྣང་བའི་མིག་ཆུ་ས་རུ་ཟགས། །
དྲན་པའི་སྙན་ངག་ལྷ་དར་བཞིན་དུ་འཐེན། །
གཞི་མེད་སེམས་ཀྱི་གསང་བའི་འཇའ་གུར་ཀློང་། །
ང་ཁྱོད་དབྱེར་མེད་སྤྱོད་པའི་རྨུ་ཐག་འཐེན། །
སྣང་བ་རང་སར་གྲོལ་བའི་ལྟད་མོ་མཐོང་། །
མདོར་ན་ཁྱོད་ཀྱི་ལང་ཚོ་གཞན་དབང་ཤོར། །
༼ ཁམས་སྨྱོན་ཧེ་རུ་ཀ ༽