སྤྱི་ཟླ9པའི་ཚེས14ཉིན། ལོ་རྒྱུས་ཡུན་རིང་ལྡན་པའི་རིག་གནས་རྒྱུན་འཛིན་དང་འབའ་ཐང་གི་གཟུགས་མེད་རིག་གནས་ཤུལ་བཞག་ལ་ཉམས་ཞིབ། ཁྱད་ལྡན་ཟས་མཆོག་མྱོང་རོལ་བྱེད་པ་བཅས་ཀྱིས་གཙོ་དོན་བྱས་པའི2023ལོའི་དབྱར་གནས་དུས་ཆེན་ཏེ། འབའ་ཐང་ལྷ་མོའི་ཟློས་གར་རིག་གནས་སྤེལ་རེས་གཟའ་འཁོར་ཞེས་པ་དེ་འབའ་ཐང་རྫོང་ཉ་བྱུང་སྟེང་དུ་གཟབ་རྒྱས་ངང་འགོ་ཚུགས་པ་རེད། ཐེངས་འདིའི་དུས་ཆེན་ནི་ཀྲུང་གུང་འབའ་ཐང་རྫོང་ཨུ་དང་འབའ་ཐང་རྫོང་མི་དམངས་སྲིད་གཞུང་གིས་གཙོ་གཉེར་བྱས་པ་རེད།
སྤྱི་ཟླ9པར། སྟོན་ཐོག་དང་བེ་ཤ་སོགས་བསྡུས་རྗེས་ཀྱི་འབའ་ཐང་བ་རྣམས་རེ་ཞིག་སོས་དལ་བག་ཕེབས་ཀྱི་ངལ་གསོའི་སྐབས་ཡིན་ལ། ཀུ་ཤུ་དང་ཤིང་ཏོག་འབོར་ཆེན་སྨིན་པས་མི་རྣམས་ཀྱིས་ཞིམ་མངར་གྱི་བྲོ་བ་གང་མང་ལོངས་སུ་སྤྱོད་ཆོག། དེར་བརྟེན་དབྱར་གནས་དུས་ཆེན་ནི་ཏག་ཏག་ནམ་ཟླ་བཟང་ལ་འབྲས་བུ་རྒྱས་པའི་དགེ་མཚན་དུ་མ་ཡོངས་སུ་ཚང་པའི་སྐབས་དང་འཁེལ་བས། འབའ་ཐང་བས་ཧ་ཅང་དགའ་པོ་བྱེད་པའི་དུས་ཆེན་ཞིག་ཡིན་ལ།འབའ་ཐང་རྫོང་གི་དམངས་ཁྲོད་ཀྱི་སྲོལ་རྒྱུན་དུས་ཆེན་གཟབ་རྒྱས་ཤིག་ཀྱང་ཡིན་ནོ།།
ཤེས་རྟོགས་བྱུང་བར་གཞིགས་ན། ད་ལོའི་རིག་གནས་སྤེལ་རེས་བྱེད་སྒོ་འདི་སྤེལ་ཡུན་ཉིན8ཡིན་ཏེ་སྤྱི་ཟླ9པའི་ཚེས14ནས21ཉིན་བར་ཡིན་ཞིང་། ཐེངས་འདིའི་བྱེད་སྒོ་ནི་སྔར་དང་མི་འདྲ་བར་བོད་ལྗོངས་ཉང་བྲན་ལྷ་མོ་ཚོགས་པ་དང་ལི་ཐང་ལྷ་མོ་ཚོགས་པ་བཅས་ཞུགས་ཡོད་ཅིང་སོ་སོས་ཆེད་དོན་འཁྲབ་སྟོན་བྱ་རྒྱུ་ཡིན་ལ། བྱེད་སྒོ་སྤེལ་རིང་ཡིད་དབང་འཕྲོག་པའི་ཡུལ་སྡེ་འགྲན་བསྡུར་དང་མཐོ་སྒང་གི་སྟོན་དུས། དམངས་གཞས་ཀྱི་མཚན་མོ་ཞེས་པའི་གཙོ་དོན་མཚན་ཚོགས་སོགས་དང་།ལྷ་མོའི་རིག་གནས་སྲུང་སྐྱོང་དང་འཕེལ་རྒྱས་སྤེལ་རེས་སོགས་ཀྱི་བྱེད་སྒོ་ཁག11རིམ་པ་བཞིན་ལྟད་མོ་བ་ཚོའི་མིག་ལམ་དུ་མངོན་རྒྱུ་ཡིན་པ་རེད།། ( ཡེ་ཤེས་ཀྱིས་བསྒྱུར།)