国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་སྐབས་བཅུ་དགུ་པ་ཧང་ ཀྲོའུ་རུ་གཟབ་རྒྱས་ངང་འགོ་ཚུགས།

( པར་ངོས་དང་པོར་མཐུད།)《མེས་རྒྱལ་ལ་བསྟོད་གླུ་ལེན》ཞེས་པའི་སེམས་ཤུགས་རབ་ཏུ་རྒྱས་པའི་འགྱུར་ཁུག་གྲགས་མ་ཐག་མགྲོན་བདག་རྒྱལ་ཁབ་ཀྲུང་གོའི་འཐུས་མི་ཚོགས་པ་ལུས་རྩལ་ཐང་དུ་རུ་སྟར་གྱི་མཇུག་ཤོས་སུ་འཛུལ་ཡོང་བ་དང་། ཞི་ཅིན་ཕིང་ཡར་བཞེངས་ནས་ཁོང་ཚོར་ཕྱག་གཡུག་གཡུག་གིས་གུས་ལན་གནང་བས། ལུས་རྩལ་ཐང་ཡོངས་སུ་དགའ་འབོད་དང་ཐལ་མོའི་རྡེབ་སྒྲ་ཡང་ནས་ཡང་དུ་གྲགས། ཀྲུང་གོའི་འཐུས་མི་ཚོགས་པར་ཁྱོན་མི1329ཡོད་པ་དང་། དེའི་ནང་འགྲན་སྡུར་ལ་ཞུགས་མཁན་ལུས་རྩལ་པ886ཡོད་པ་དང་། ཁོང་ཚོ་སྐབས་འདིའི་ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་ཀྱི་རྣམ་གྲངས་ཆེ་གྲས38དང་རྣམ་གྲངས་ཆུང་གྲས407གྱི་འགྲན་སྡུར་ནང་ཞུགས་རྒྱུ་རེད། ཧང་ཀྲོའུ་ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་སྒྲིག་འཛུགས་ཨུ་ལྷན་གྱི་ཀྲུའུ་ཞི་དང་ཀྲེ་ཅང་ཞིང་ཆེན་གྱི་ཧྲེང་ཀྲང་ཝང་ཧའོ་ཡིས་ཤིས་ཚིག་སྒྲོན་སྐབས། སྒྲིག་འཛུགས་ཨུ་ལྷན་དང་ཀྲེ་ཅང་གི་མི་དམངས་ཁྲི6500 ཡི་ཚབ་ཞུས་ནས་ཨེ་ཤེ་ཡའི་རྒྱལ་ཁབ་དང་ས་ཁུལ་ཁག་ནས་ཡོང་བའི་ལུས་རྩལ་པར་སྤྲོ་སེམས་འཁོལ་བའི་དགའ་བསུ་ཞུས་པ་དང་འབྲེལ་ཁོང་ཚོར་གྲུབ་འབྲས་བཟང་པོ་ཐོབ་པ་དང་། ཕུགས་འདུན་འགྲུབ་པ། མཛའ་གྲོགས་ཟབ་ཏུ་འགྲོ་བ། བདེ་སྐྱིད་ཐོབ་པ་བཅས་བྱུང་སྟེ་མཛེས་སྡུག་ལྡན་པའི་ཧང་ཀྲོའུ་རུ་ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་ལ་ཞུགས་པ་དེ་ཚེ་གང་རིང་བརྗེད་པར་དཀའ་བར་འགྱུར་བའི་སྨོན་འདུན་ཡང་ཞུས་པ་རེད། ཧང་ཀྲོའུ་ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་སྒྲིག་འཛུགས་ཨུ་ལྷན་གྱི་ཀྲུའུ་ཞི་དང་ཀྲུང་གོ་ཨོ་ལིམ་ཕིག་ཨུ་ལྷན་གྱི་ཀྲུའུ་ཞི་ཀའོ་ཀྲི་ཏན་གྱིས་ཤིས་ཚིག་སྒྲོན་སྐབས། ཀྲུའུ་ཞི་ཞི་ཅིན་ཕིང་དང་ཀྲུང་གོ་སྲིད་གཞུང་གི་བྱམས་བརྩེའི་ཐུགས་ཁུར་དང་འགྱུར་མེད་སྟོབས་ལྡན་གྱི་མགོ་ཁྲིད་འོག། ངོ་མཚར་ཆེ་བའི་ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་ཀྱི་འདུ་ཚོགས་གཟབ་རྒྱས་ཤིག་འགོ་ཚུགས་གྲབས་ཡོད།

ང་ཚོས་ཨོ་ལིམ་ཕིག་གི་སྙིང་སྟོབས་དར་སྤེལ་གཏོང་བ་དང་ནུས་ཤུགས་ཡོད་རྒུས་ཨེ་ཤེ་ཡའི་ལུས་རྩལ་གྱི་ཟིན་ཐོ་གསར་པ་བཏོད་དེ་ཨེ་ཤེ་ཡའི་ལས་དབང་གཅིག་མཐུན་འདུས་གྲུབ་ཀྱི་འཆར་འགོད་རི་མོ་གསར་རྐྱང་ཞིག་མཉམ་དུ་འབྲི་དགོས་ཞེས་བརྗོད་པ་རེད། ཨེ་ཤེ་ཡའི་ཨོ་ལིམ་ཕིག་ལས་འཛིན་ལྷན་ཚོགས་ཀྱི་ལས་ཚབ་ཀྲུའུ་ཞི་ཤིན་ཀེས་ཤིས་ཚིག་སྒྲོན་སྐབས། ཀྲུང་གོ་སྲིད་གཞུང་དང་། ཀྲུང་གོ་ཨོ་ལིམ་ཕིག་ཨུ་ཡོན་ལྷན་ཁང་། ཀྲེ་ཅང་ཞིང་ཆེན་སྲིད་གཞུང་། ཧང་ཀྲོའུ་གྲོང་ཁྱེར་སྲིད་གཞུང་། ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་སྒྲིག་འཛུགས་ཨུ་ལྷན། ཧང་ཀྲོའུ་ཡི་གྲོང་མི་དང་དེ་བཞིན་གྲ་སྒྲིག་ལས་དོན་ནང་ཞུགས་མཁན་མི་སྣ་ཚང་མར་ལྷག་བསམ་ཟོལ་མེད་ཀྱི་གུས་འདུད་ཞུས་ནས་ཧང་ཀྲོའུ་ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་ཀྱི་གྲ་སྒྲིག་ལས་དོན་ལ་གྲུབ་འབྲས་བཟང་པོ་ཐོབ་ཡོད་ཅེས་བསྔགས་བརྗོད་བྱས་པ་དང་། ཧང་ཀྲོའུ་ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་ལ་ཞུགས་མཁན་ཚང་མར་ཚེ་གང་རིང་བརྗེད་པར་དཀའ་བའི་དྲན་ཤེས་ཡག་པོ་ཞིག་ཡོང་ངེས་ཡིན་པའི་ཡིད་ཆེས་ཡོད་ཅེས་བརྗོད་པ་རེད། ཆུ་ཚོད21དང་སྐར་མ16ཙམ་ལ་འགོ་ཚུགས་མཛད་སྒོའི་མི་སེམས་རབ་ཏུ་འཁོལ་བའི་དུས་དེ་སླེབས་ཡོད། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧང་ཀྲོའུ་ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་སྐབས་བཅུ་དགུ་པ་འགོ་ཚུགས་པའི་ཁྱབ་བསྒྲགས་གནང་བ་དང་། དེ་མ་ཉིད་དུ་ཚོགས་ར་ཡོངས་སུ་དགའ་སྤྲོའི་རྣམ་པས་ཁེངས་ཤིང་། མཛེས་སྡུག་རྣམ་པར་བཀྲ་བའི“གྲངས་འཛིན་གྱི་ཚོན་ཁྲའི་ཤོག་སྦག”སྤར་བས་ཚོགས་ར་ཡོངས་སུ་ཐལ་མོའི་རྡེབ་སྒྲ་དང་དགའ་འབོད་ཀྱི་སྒྲ་ཡང་ནས་ཡང་དུ་གྲགས། རང་རྒྱལ་གྱི་ཕུལ་བྱུང་ལུས་རྩལ་པ་དང་རྩལ་འཁྲིད་པའི་འཐུས་མི8ཀྱིས་ལག་ཏུ་ཨེ་ཤེ་ཡའི་ཨོ་ལིམ་ཕིག་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་དར་འཁྱེར་ནས་ལུས་རྩལ་ཐང་དུ་འཛུལ་བ་རེད། ཨེ་ཤེ་ཡའི་ཨོ་ལིམ་ཕིག་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་གླུ་བླངས་པ་དང་བསྟུན་ནས་ཨེ་ཤེ་ཡའི་ཨོ་ལིམ་ཕིག་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་དར་དལ་བུར་བསྒྲེང་བ་དང་། དེ་སྐར་ལྔའི་དར་དམར་དང་མཉམ་དུ་ལྷབ་ལྷུབ་ངང་མཐོན་པོར་གཡོ། ཆུ་ཚོད21དང་སྐར་མ53ཙམ་ལ་དཔལ་འབར་ཨ་མ་སྤོར་བའི་མཛད་སྒོ་འགོ་ཚུགས་པ་རེད། ལུས་རྩལ་ཐང་དུ་ཡེ་ཧྲི་ཝུན་དང་། ཧྥན་ཀྲེན་ཏུང་། ཞུས་མོང་ཐའོ། ཧྲི་ཀྲི་ཡུང་། ལི་ལིང་ཝུའེ། དབང་ཧྲུན་སོགས་དཔལ་འབར་འཁྱེར་མཁན6གིས་རྗེས་མཐུད་ནས་རྒྱུག་པས་ལུས་རྩལ་ཐང་ཡོངས་སུ་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲ་གྲགས། འགོ་ཚུགས་མཛད་སྒོར་ཞུགས་མཁན་རྒྱལ་སྤྱིའི་སྐུ་མགྲོན་གྱི་གྲས་སུ། ཁམ་ཕུ་ཁྲེའི་རྒྱལ་པོ་ཤིས་ཧཱ་མོ་ཉི་དང་། སི་རི་ཡའི་ཙུང་ཐུང་པཱ་ཧྲར་དང་སྐུ་ཟླ་ཨ་སི་མཱ། ཁུ་ཝེ་ཐེའི་རྒྱལ་རྒྱུད་འཛིན་མཁན་སྨི་ཧྲ་ལེ། ནེ་པ་ལའི་ཙུང་ལི་ཕུའུ་ལཱ་ཁྲང་ཏ། ཐི་མོར་ཤར་མའི་ཙུང་ལི་ཞ་ནཱ་ནཱ། ཧན་གོའི་ཙུང་ལི་ཧན་ཏེ་ཀྲུའུ། མ་ལེ་ཞི་ཡའི་རྒྱལ་ཚོགས་གྲོས་ཁང་འོག་མའི་གྲོས་དཔོན་ཙུའོ་ཧཱ་ལི་དང་སྐུ་ཟླ་ནུའོ་ལའེ་ཉི། དེ་བཞིན་པུ་རུ་ནེ་དང་སུའུ་ཏན་གྱི་འཐུས་མི་ཆིན་ཝང་སུའུ་ཧྥུའུ་ལི། ཁ་ཐར་ཚོ་དཔོན་གྱི་འཐུས་མི་ཆིན་ཝང་ཅའོ་ཨན། ཅོར་ཏན་གྱི་ཆིན་ཝང་ཧྥེ་སར། ཐེ་ལན་གྱི་སྲས་མོ་ཤིས་ལི་ཝན་ཝ་ལི་སོགས་རྒྱལ་ཚང་གི་འཐུས་མི་བཅས་ཡོད། ཝང་དབྱི་དང་། ལི་ཀན་ཅེ། ཧོ་ལི་ཧྥུང་། ཝང་ཞའོ་ཧུང་། ཧྲེན་དབྱི་ཆིན་བཅས་འགོ་ཚུགས་མཛད་སྒོར་ཞུགས་ཡོད། ཞང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་དཔོན་ལི་ཅ་ཁྲའོ་དང་། ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་དཔོན་ཧོ་དབྱི་ཁྲེང་། ཀྲུང་གོ་གོ་མིན་ཏང་གི་ཀྲུའུ་ཞི་ཟུར་པ་ཧུང་ཞིའུ་ཀྲུའུ་བཅས་འགོ་ཚུགས་མཛད་སྒོར་ཞུགས་ཡོད། ཨེ་ཤེ་ཡའི་ཨོ་ལིམ་ཕིག་ལས་འཛིན་ལྷན་ཚོགས་ཀྱི་དཔོན་རིགས་སོགས་འགོ་ཚུགས་མཛད་སྒོར་ཞུགས་ཡོད།།

( མི་དམངས་དྲ་བ་ནས་དྲངས།)