国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






འབྲོག་པ།

འབྲོག་པ་ནི།

གནམ་སྔོན་པོ་གུར་ལ་ཕུབ་མཁན་དང་།

སྤང་མེ་ཏོག་གདན་ལ་གཏིང་མཁན།

འབྲོག་པ་ནི།

ས་དོག་མོའི་ཁ་ཞེང་འདོམ་གྱིས་འཇལ་མཁན་དང་།

རི་མཐོན་པོའི་རྩེ་ནས་རླུང་དང་འགྲོགས་མཁན།

འབྲོག་པ་ནི།

སྟོང་ལུག་ལྷས་ལ་བསྐྱིལ་མཁན་དང་།

བརྒྱ་ནོར་ཁ་ལོ་བསྒྱུར་མཁན།

འབྲོག་པ་ནི།

མི་ཚེ་ཕྱུགས་ཟོག་ཁྲོད་འདས་མཁན་དང་།

ལང་ཚོ་སྐྱས་ལམ་བར་ནས་ཟད་མཁན།

དབྱར་དུས་སུ།

ཉིན་མཚན་དབྱེར་མེད་ངང་།

ཆར་པ་ལ་རྒྱུན་ཆད་མེད་ནའང་།

སེམས་པ་བརླན་མ་ཐུབ་པ་དེ་འབྲོག་པ་ཡིན།

ད་དུང་།

རྫ་ལུང་རི་ལུང་ནས།

སྨུག་པ་སྟུག་པོ་ཞིག་འཐིབ་ཀྱང་།

གཏམ་རྒྱུད་དང་ཕྱུགས་ཟོག་མི་བསྐྱུར་མཁན་དེའང་

འབྲོག་པ་ཡིན།

དགུན་དུས་སུ།

ཙག་བསེར་དང་ལྷགས་རླུང་གིས།

ཡོད་ཚད་གྲང་འཁྱག་གིས་བསྡམས་ནའང་།

གྲང་འདར་མེད་པའི་སློག་པ་གྱོན་མཁན་དེ་འབྲོག་

པ་ཡིན།

ད་དུང་།

གངས་ཁ་བ་ཐུ་ལུ་ལུ་བབས་ནས།

རྫ་ལུང་དང་ཐང་གཞོང་དཀར་བོང་བོང་དུ་གྱུར་ཀྱང་།

ནང་སེམས་ནི་དཀར་དྭངས་དྭངས་ཡིན་པ་དེའང་འབྲོག་

པ་ཡིན།

སྟོན་དུས་སུ།

རྩྭ་འགོར་སེར་ཐིགས་ལྷུངས་ནས།

མེ་ཏོག་ཡུན་གྱིས་སྐམ་ནའང་།

ཞུམ་པ་མེད་པའི་སྙིང་སྟོབས་ཤིག་ཡོད་མཁན་དེ་

འབྲོག་པ་ཡིན།

ད་དུང་།

རུ་སྟོད་ལ་སོང་ནས་སྨད་ལ་སོང་མཐར།

ཕྱུགས་ཟོག་ལ་ཤེད་ཤུགས་འཛོམས་པ་ན།

འཛུམ་མདངས་ལས་དྭངས་པའི་འཛུམ་མདངས་མངོན་

མཁན་དེའང་འབྲོག་པ་ཡིན།

དཔྱིད་དུས་སུ།

གངས་དང་ཆབ་རོམ་ཞུས་ནས།

རྩྭ་ཐང་དང་སྤང་ཐང་གི་ས་རྡུལ་དག་དུས།

མཁའ་དབུགས་གཙང་མ་ཞིག་འབྱིན་མཁན་དེ་

འབྲོག་པ་ཡིན།

ད་དུང་།

རྩྭ་སྔོན་དང་མྱུ་གུ་འབུས་ནས།

ཁུ་བྱུག་ལྷང་ལྷང་གྲག་དུས།

འཆར་གཞི་གསར་པ་ཞིག་ལ་དབུ་ཁྱུད་འབྲི་མཁན་

དེའང་འབྲོག་པ་ཡིན།

༼ ཁ་བ་ན་རོ། ༽