国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཞི་ཅིན་ཕིང་གིས་ཨ་ཀེན་ཐིང་གི་སྲིད་འཛིན་ཧྥེར་ནན་ཏེ་སི་དང་མཇལ་འཕྲད་གནང་།

ཞིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་སྤྱི་ཟླ10པའི་ཚེས18ཉིན་གློག་འཕྲིན་འབྱོར་གསལ། སྤྱི་ཟླ10ཚེས18ཉིན་གྱི་དགོང་མོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར“རྒྱུད་གཅིག་ལམ་གཅིག”གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་སྐབས་གསུམ་པར་ཞུགས་མཁན་ཨ་ཀེན་ཐིང་གི་སྲིད་འཛིན་ཧྥེར་ནན་ཏེ་སི་དང་མཇལ་འཕྲད་གནང་བ་རེད།

ཞི་ཅིན་ཕིང་གིས་གསུངས་དོན། ཀྲུང་གོ་དང་ཨ་ཀེན་ཐིང་བར་ཕྱི་འབྲེལ་བཙུགས་ནས་ལོ50ལྷག་ཙམ་སོང་རིང་ཕྱོགས་གཉིས་པོས་ཐོག་མཐའ་བར་གསུམ་དུ་ཕན་ཚུན་བརྩི་འཇོག་དང་། འདྲ་མཉམ་གྱི་ལྟ་སྟངས་འཛིན་པ། གཉིས་ཁེ་གཉིས་ཕན་བཅས་བྱེད་ཀྱི་ཡོད། ཉེ་བའི་ལོ་ཤས་རིང་ང་ཚོ་ཐུན་མོང་གི་སྣེ་ཁྲིད་འོག་ཀྲུང་ཨའི་འབྲེལ་བ་རྒྱུན་ཆད་མེད་པར་སྐས་རིམ་གསར་པ་ཞིག་ཏུ་སླེབས་ཡོད། ཀྲུང་གོ་དང་ཨ་ཀེན་ཐིང་ནི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཆེན་པོ་ཡིན་པས། ཕྱོགས་གཉིས་ཀས་རྒྱལ་ཁབ་འཕེལ་རྒྱས་དང་དར་རྒྱས་ཡོང་བར་སྐུལ་འདེད་གཏོང་བ་དང་།མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་མི་དམངས་ཀྱི་རེ་འདོད་མངོན་འགྱུར་བྱེད་པ། རྒྱལ་སྤྱིའི་དྲང་གཞག་དང་དྲང་བདེན་སྲུང་སྐྱོང་བཅས་ཀྱི་ལོ་རྒྱུས་ཀྱི་ལས་འགན་ཕྲག་ཏུ་འཁུར་བཞིན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཨ་ཀེན་ཐིང་ཕྱོགས་དང་མཉམ་དུ་འཐབ་ཇུས་འབྲེལ་མཐུད་ལ་ཤུགས་བསྣན་ཏེ། ཀྲུང་ཨའི་འབྲེལ་བ་བརྟན་བགྲོད་རྒྱང་འཁྱོལ་ཡོང་བར་སྐུལ་འདེད་བཏང་སྟེ་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་རྒྱལ་ཁབ་དང་མཐུན་སྒྲིལ་མཉམ་ལས་ཀྱི་དཔེ་མཚོན་གཏོད་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཨ་ཀེན་ཐིང་གྱི་དཔལ་འབྱོར་དང་དངུལ་རྩ་བརྟན་པོ་ཡོང་རྒྱུར་རྒྱབ་སྐྱོར་བྱེད་པ་དང་། ཨ་ཀེན་ཐིང་ཕྱོགས་དང་འཕེལ་རྒྱས་ཀྱི་གོ་སྐབས་མཉམ་སྤྱོད་ཀྱིས་སྤུས་ཚད་མཐོ་པོས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ལ་སྐུལ་འདེད་བཏང་སྟེ། ཞིང་ལས་དང་རྨང་གཞིའི་སྒྲིག་བཀོད་སོགས་ཁྱབ་ཁོངས་ཀྱི་དངོས་སྒྲུབ་མཉམ་ལས་གཏིང་ཟབ་ཏུ་གཏང་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཨ་ཀེན་ཐིང་གི་སྤུས་ལེགས་ཐོན་རྫས་དེ་བས་མང་བ་ནང་འདྲེན་དང་ཀྲུང་གོའི་ཁེ་ལས་དེ་བས་མང་བས་ཨ་ཀེན་ཐིང་དུ་མ་འཇོག་བྱེད་པར་སྐུལ་འདེད་གཏང་འདོད་ཡོད།

ཞི་ཅིན་ཕིང་གིས་ཨ་ཀེན་ཐིང་གདན་ཞུ་ལྟར་འབོ་གསེར་རྒྱལ་ཁབ་ཀྱི་མཉམ་ལས་ལམ་སྲོལ་ལ་ཞུགས་པར་རྟེན་འབྲེལ་ཞུས་ཤིང་། ཁོང་གིས་ཀྲུང་ཨ་རྒྱལ་ཁབ་གཉིས་པོས་མཉམ་འབྲེལ་རྒྱལ་ཚོགས་དང་། རྒྱལ་ཁབ་ཉི་ཤུ་ཚོགས་པ། འབོ་གསེར་མཉམ་ལས་ལམ་སྲོལ་སོགས་སྒྲོམ་གཞིའི་ནང་འཐབ་ཇུས་མཐུན་སྦྱོར་ལ་ཤུགས་བརྒྱབ་ནས་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོ་དང་། གོ་ལ་ཧྲིལ་པོའི་བདེ་འཇགས་གྲོས་འགོ གོ་ལ་ཧྲིལ་པོའི་ཤེས་དཔལ་གྲོས་འགོ་བཅས་དོན་འཁྱོལ་བྱེད་པར་སྐུལ་འདེད་བཏང་སྟེ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་པར་སྐུལ་མ་གཏང་དགོས། ཀྲུང་གོ་ཕྱོགས་ཀྱིས་ལ་ཏིང་མེ་གླིང་དང་ཅ་ལེ་པི་ས་ཁུལ་གཞི་གཅིག་ཅན་གྱི་འཕེལ་རིམ་ལ་སྔ་ཕྱི་བར་གསུམ་དུ་རྒྱབ་སྐྱོར་བྱེད་པ་དང་། ཨ་ཀེན་ཐིང་དང་ལ་ཏིང་མེ་གླིང་དང་ཅ་ལེ་པིའི་རྒྱལ་ཁབ་གཞན་དག་དང་མཉམ་དུ་ཀྲུང་གོ་དང་ལ་ཏིང་མེ་གླིང་གི་གླེང་སྟེགས་འཛུགས་སྐྱོང་དང་ཀྲུང་གོ་དང་ལ་ཏིང་མེ་གླིང་གི་འབྲེལ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏང་འདོད་ཡོད་ཅེས་གསུངས་པ་རེད།།

(མི་དམངས་དྲ་བ་ནས་དྲངས།)