སྤྲིན་དཀར་དབྱིངས་སུ་རྒྱུ་བའི་དུས། །
ཚོར་བའི་ཡོ་ལང་འགུལ་བ་ན། །
ཚིག་དང་དབྱངས་ཀྱི་སྒྲོག་གུ་སྟེ། །
དབྱངས་ཅན་ལྷ་ཡི་པདྨའི་ཞལ། །
དྲི་བྲལ་ཉམས་ཀྱིས་འགྱིང་བའི་ཚུལ། །
སོར་རྩེའི་དཔལ་དུ་ལྷམ་མེར་འཁོར། །
ཡང་ན་སྣང་བའི་སྒོ་མོ་རུ། །
ངོ་བོ་སྟོང་བཞིན་བཞུགས་སམ་ཅི། །
ཐུགས་རྗེའི་སྤྱན་གྱིས་གཟིགས་སམ་ཅི། །
མཆོད་བསྟོད་མེ་ཏོག་ཕྲ་ཚོམ་འདི། །
སེམས་སུ་ཡང་ཡང་བཅར་ཚུལ་ལ། །
བསམ་བློ་ཞིབ་ཏུ་བཏང་བའི་རྗེས། །
རྟེན་འབྲེལ་དབྱངས་ཀྱི་བརྡ་གླུ་ཞིག །
འཁྱོང་བའི་སེམས་ཤུགས་ངང་གིས་བྱུང་། །
བདག་ནི་དུས་ཀུན་ཁྱེད་ཉིད་ལ། །
དད་པའི་མཆོད་ཚིག་སྤྲིང་བར་སྤྲོ། །
ཡང་ན་སྟོང་གསལ་འོད་ཀྱི་སྐུར། །
མིག་ཟུང་འཕེན་པའང་ཤིན་ཏུ་དུང་། །
ཀྭ་ཡེ་ཚངས་པའི་སྲས་མོ་མཆོག །
སྙིང་རྗེའི་བརྩེ་བའི་མཚོ་མོ་རུ། །
བྱམས་བརྩེ་སྟོང་གི་འོད་ཟེར་འཕྲོ། །
བྱིན་རླབས་ནུས་པའི་མཆེ་བ་ལ། །
རྟེན་འབྲེལ་ཚན་ཁ་རང་འབར་རེད། །
དེ་ཡང་ལས་འབྲེལ་གཙང་མ་ཡིས། །
རྟག་ཏུ་དད་པའི་མཁའ་དབྱིངས་སུ། །
བཞུགས་ཏེ་དངོས་གྲུབ་བསྩལ་བ་ན། །
ངག་གི་སྒྲིབ་པ་ཆོམས་མཛོད་ཀྱེ། །
༼ སྨྱུག་རྫི། ༽