国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






སྨྲེང་སེམས་ཀྱི་བཞུར་རྒྱུན།

སྟོང་སྣང་གི་གཤོག་པར་བརྟེན་ནས་རྒྱང་རིང་རྒྱང་རིང་གི་གནས་མཐའ་དེར་ཡང་ཡང་འཕུར་གྲབས་བྱེད་ཀྱང་།ལས་དབང་གི་མེ་ཏོག་རྙིད་པར་གྱུར་པའི་དུས་ཚིགས་འདིར།ང་རང་སླར་ཡང་རང་སེམས་ཀྱི་སྒྲོམ་བུར་འཛུལ་སོང་།འདོད་བློ་ཡོད་ཚད་རྒྱུ་སྐར་བཞིན་ས་ལ་འཐོར་ཞིང་།རྣམ་ཤེས་ཀྱི་བྱ་རྒོད་སྒྲོག་ལ་ཚུད་པས།ང་རང་གི་རྐང་རྗེས་དང་མིག་ཟུང་ལས་འགོངས་མ་ཐུབ།སྐྱིད་ཀྱང་སྐྱིད་ལ་སྡུག་ཀྱང་སྡུག་པའི་ལོ་ཟླའི་འཁོར་སྐྱོད་ཁྲོད་ནས་ཡིད་འོང་གི་བརྩེ་བའི་རི་མོ་རླུང་འཚུབ་དང་ཐལ་རྡུལ་གྱིས་གཡོགས་པས།དྭངས་གསལ་གྱི་མེ་ལོང་དང་འདྲ་བའི་བདག་གི་དྲན་པ་ནི་སྡིག་སྒྲིབ་ཀྱི་ཡལ་ག་སྣ་ཚོགས་འཛིངས་པའི་སྡོང་རྒན་ཞིག་ཏུ་གྱུར་སོང་།སྒྲོ་སྤུ་བཞིན་ཐོར་ཟིན་པའི་དྲན་པ་མཐའ་དག་ཚུར་རུབ་རུབ་བྱས་ཏེ།ཁྱེད་ལ་དགའ་བའི་ཁ་དན་སྙིང་ལ་བརྐོས་ཀྱང་།ཁྱོད་རང་འདི་ལྟར་ཤུལ་མེད་རྗེས་མེད་དུ་བུད་སོང་བས།དོ་ནུབ་དང་འདྲ་བའི་ཁེར་རྐྱང་གི་དགོང་ཞག་རེ་རེར།ངས་ནི་འུ་གཉིས་ཀྱི་འདས་སོང་ལ་ཕྱིར་མིག་འཕེན་བཞིན་ཡོད།ད་ལྟའི་ང་ནི་སྐྱོ་འཛུམ་གྱིས་བཏེགས་པའི་སྐར་མ་ཞིག་གམ།སྟོན་རླུང་གིས་དེད་པའི་ཁེར་རྐྱང་སྡོང་ལོ་ཞིག་དང་ཤིན་ཏུ་འདྲ་ན་ཡང་།ངས་དབང་མེད་དུ་རླུང་གི་རྒྱུ་ཕྱོགས་རེ་རེ་ནས།ཁྱེད་ཀྱི་གསུང་སྒྲོས་དང་དྲི་བསུང་བཏུས་ཤིང་།སེམས་ཀྱི་འཕར་རྩ་རེ་རེ་ནས་ཁྱེད་ཀྱི་བདེ་སྡུག་ལ་རྣ་བ་བླགས་མྱོང་།དུས་དེ་ནས་བཟུང་།ངའི་སེམས་ཀྱི་མཁའ་དབྱིངས་ལ་བཀྲགས་མདངས་བཀྱེ་ཞིང་།འཚོ་བའི་ཐང་ཆེན་ལ་བདེ་སྐྱིད་ཀྱི་རྨ་ཁ་བཟོས་པས།ང་རང་ཡ་མ་གཟུགས་ཀྱི་མི་ཞིག་ཏུ་གྱུར་སོང་བའམ།ཁ་ཕྱོགས་དང་བསམ་བློ་མེད་པའི་མི་ཁོག་སྟོང་ཞིག་ཏུ་གྱུར་སོང་།ཐམས་ཅད་ཀྱིས་ཀྱང་།སེམས་པར་རྨ་ཁ་བཟོས་ན་ཅི་བྱ་གཏོལ་བྲལ་དུ་འགྱུར་འགྲོ་བར་བཤད་པ་དེ་ལ་ཏན་ཏན་གནས་ལུགས་ལྡན་ལ།བརྩེ་དུང་གིས་དབུལ་ཕོངས་བཏང་བའི་ང་ལ་ད་ལྟ་ཅི་ཡང་ལྷག་མ་བྱུང་བས།སེམས་ཀྱི་གས་སྲུབས་ལ་ཁྱོད་ཀྱི་ཞེ་འདང་གི་གཟི་མདངས་དེའང་འཕྲོ་དཀའ་བ་ལ་ཨང་།

ལོ་ཟླ་ནི་དུས་ཚོད་ཀྱི་གཙང་ཆུར་བྱིང་བའི་ཀོ་གྲུ་ཞིག་དང་འདྲ་ལ།ནམ་ཡང་ཁེར་རྐྱང་གི་བཞུར་རྒྱུན་དེད་ནས་ལམ་ལ་ཆས་བཞིན་ཡོད་པས།དུས་ཚོད་ཀྱི་གཙང་པོ་ཕྱིར་ལྡོག་མི་སྲིད།ཡིན་ཡང་ངས་ནི་ལས་སྐལ་གྱི་གཙང་ཆུའི་ངོགས་ཀྱི་ཡམ་ཡོམ་གཡོ་ཞིང་འདུར་བའི་སྲུང་སྐར་དེ་ཉིད་ཁྱེད་རང་ཡིན་པར་སྙམ་བཞིན་ཡོད་ལ།ཁྱེད་རང་དུས་གཏན་དུ་ང་ཡི་ཞེ་འདང་གི་སྤང་དཀར་ངོས་ལ་མེ་ཏོག་གི་ཟོལ་གྱིས་བཞད་ཐུབ་པར་ཡིད་ཆེས་བྱེད་བཞིན་ཡོད།དེ་ལྟ་ནའང་།འཚོ་བས་ཐག་རིང་ཐག་རིང་དུ་དེད་སོང་བའི་ང་ཡི་དྭངས་གཙང་གི་སེམས་འདུན་མཐའ་དག་སྡུག་བསྔལ་གྱི་གསེབ་ན་བྱ་གླག་བཞིན་འཁོར་ཞིང་འདུ་བའི་རྣམ་ཤེས་རེ་རེ་ཡིན་པས།ཆེས་ལྐོག་ཏུ་གྱུར་ལ་ཆེས་ཡིད་རྟོན་བྲལ་བའི་འཇིག་རྟེན་འདི་ཡི་བྱུང་བ་ཐམས་ཅད་ལ་དངན་པ་ལན་གཅིག་ཤོར་ལ།སྟོང་བར་ལུས་པའི་རང་ཉིད་ཀྱི་ཨམ་ཕྲག་དང་འདྲ་བའི་སེམས་པ་འདི་ཡང་ལན་རེར་མཐའ་མེད་མུ་མེད་ཀྱི་ཐག་རིང་གི་བྱང་ཐང་དེ་ལས་གཞན་དུ་ཅི།ཉི་འོད་འཇམ་རྒྱུ་མེད་པའི་ཁྱོད་ཀྱི་དབྱར་གཞུང་འདི་རུ་ང་ཡི་སྨྲེང་སེམས་ཀྱི་མཆི་མ་བཏང་བའི་དུས་ཚོད་ཡོད་ལ།དུས་ཚོད་ཀྱི་རྡུལ་སྣེ་ལ་འབྱར་བའི་ཁེར་རྐྱང་གི་གདུང་བ་ཡོད།ཁེར་རྐྱང་གདུང་བའི་གྲུབ་པའི་མཚན་ལམ་རིང་མོའི་འགྲུལ་བཞུད་ཡོད།འགྲུལ་བཞུད་ལ་རྫོགས་མཐའ་མེད་ན་ཡང་།ཁྱེད་དང་འབྲེལ་བའི་ནང་སེམས་ཀྱི་འགྲུལ་བཞུད་འདིས་ང་རང་ཉོབ་ཉོབ་པོར་བཏང་སོང་བས།ད་ལྟ་ང་ཡི་ཡིད་སེམས་ལྷོད་ལ་བབས་ནས་ཁྱེད་རང་སྙིང་ནས་དྲན་རྒྱུ་དེའང་ཇི་འདྲའི་དཀའ་བ་ལ་ཨང་།

རང་ཉིད་དང་རང་ཉིད་ཀྱི་བར་ཐག་རིང་དུ་ཕྱིན་ཞིང་།རང་སེམས་ཀྱི་གསང་བ་འང་མཐུག་ནས་མཐུག་ཏུ་ཕྱིན་པས།ད་ལྟ་ང་རང་ཕྱི་གསལ་ནང་གསལ་གྱི་མི་ཞིག་བྱ་རྒྱུ་དེའང་ཤིན་ཏུ་ཁག་པོ་ཞིག་ཡིན་འདྲ།ཧ་ཅང་སྨག་ནག་པའི་མཚན་མོ་འདིར།ང་ནི་དགའ་སྣང་གིས་མཐོ་ནས་མཐོ་རུ་བཏེགས་པའི་དབུགས་སྒང་ཞིག་གམ།སྐྱོ་སྣང་གིས་དམའ་ནས་དམའ་རུ་དཔྱངས་པའི་གཟུགས་མེད་ཀྱི་གདུང་བ་ཞིག་དང་འདྲ་བས།ཡོད་ཚད་ང་དང་རྒྱང་ཐག་རིང་བའི་ཉམས་སྣང་ཞིག་འཆར།

ཞེ་འདང་གི་ཁ་དོག་དྲན་གདུང་གི་གཤོག་འོག་ནས་ཡང་ཡང་འགྱུར་དུས།རང་རང་ཉིད་ཀྱི་ཁྲག་རྩ་སྦར་ནས་ཁྱེད་ལ་ངང་ཆུང་གིས་བལྟས།ཇི་ལྟར་བལྟས་ཀྱང་།འདས་ཟིན་པའི་ཁྱེད་རང་རྙེད་ཐབས་མེད་པས།ང་ཡི་ངལ་དུབ་ཀྱིས་བརྐོས་པའི་རྐང་རྗེས་ཟབ་མོ་ཞིག་ཁྱོད་ཀྱི་ཕྱོགས་སུ་བརྐྱངས་ཡོད་ལ།ང་ཡི་དྲན་སྣང་ལས་བཏང་བའི་སྤྲིན་པ་དཀར་པོ་ཞིག་ཁྱོད་ཀྱི་ཕྱོགས་སུ་གཏིབས་ཡོད།རྒྱང་རིང་རྒྱང་རིང་ན་ཡོད་ན་ཡང་ཐག་ཉེ་ཐག་ཉེ་ན་བཞུགས་པའི་ང་ཡི་སེམས་སོང་གི་མི།མཚན་ལམ་རིང་མོ་ཞིག་དྲན་གདུང་གི་མེ་ལྕེས་བསྲེགས་ཚར་རྗེས།ད་གཟོད་ཕྱི་རོལ་གྱི་གཡའ་དག་པའི་ནམ་མཁའ་མཐོང་ཐུབ་བམ།སྒེའུ་ཁུང་ཕྱི་རོལ་ལ་རྣ་བ་གཏད་རྗེས།སེམས་ངལ་གྱིས་བཟི་བའི་སྨུག་པ་འདི་དག་དྭངས་ཐུབ་བམ།མགོ་བོ་དང་ཁར་སྨད་ནས་བསམ་བློ་བཏང་ན།ད་ལྟ་ཁྱོད་ཀྱིས་ང་ཡི་གོམ་སྒྲ་ཐོས་མི་ཐུབ་ལ།ང་ཡི་འདས་སོང་ཡང་རྙེད་ཐབས་མེད།ཡིན་ན་ཡང་།ང་རང་ཁྱེད་ཀྱི་རྗེས་ཤུལ་དེད་ནས་ཡོང་བཞིན་ཡོད།རྐང་རྗེས་རེ་ལ་དྲན་པ་རེ་འཁྱིལ་འདུག་ལ།དྲན་པ་རེ་ལ་ཞེན་ཆགས་རེ་སྤུངས་འདུག་པས།འུ་གཉིས་ཀྱི་བར་དུ་སྨུག་པ་སྲབ་མོ་ཞིག་ལས་ཅི་ཡང་མི་འདུག་ཨང་།

༼ མྱུག་ཆར། ༽