国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






གཟུགས་གཞི་ཐང་པོ་ཡོང་བར་དོ་སྣང་བྱ་དགོས་པ་བདུན།

དང་པོ་འཚོ་བའི་དམིགས་ཚད་གསལ་པོ་ཞིག་དགོས་ཤིང་ཚེ་སྲོག་གི་རིན་ཐང་ཤེས་པ་དང་དེའི་དོན་དུ་འབད་འཐབ་ལྷོད་མེད་བྱས་ན་ཁྱོད་ཀྱི་འཚོ་བ་དོན་སྙིང་ལྡན་པ་ཞིག་ཡོང་ཐུབ། གཉིས་པ་བློ་རྒྱ་ཡངས་པོ་ཞིག་དགོས་ཤིང་བློ་རྒྱ་ཡངས་པོ་ཞིག་ཡོད་ན་ཡོན་ཏན་ཅན་དང་འཇོན་ཐང་ཅན་ལ་ཕྲག་དོག་མི་བྱེད་ཅིང་བྱ་བ་ཙག་ཙིག་གི་དོན་དུ་རླུང་མི་ལངས་པ་རེད། གསུམ་པ་ནི་ལུགས་དང་མཐུན་པའི་འཚོ་བའི་ལམ་ལུགས་ཤིག་ཡོད་དགོས་ཤིང་དུས་ཚོད་དང་བཟའ་ཚད་གཏན་འཁེལ་གྱི་ཆོས་ཉིད་རང་བཞིན་ཞིག་ཆགས་པ་དང་དེ་སྔ་ཕྱི་བར་གསུམ་དུ་བསྲུངས་ན་སྐྱེ་ཁམས་ཀྱི་ནུས་པ་སྣ་ཚོགས་ཀྱི་ཕན་ནུས་ཡག་ཤོས་འདོན་པར་འགན་ལེན་བྱེད་ཐུབ། བཞི་པ་ནི་ལུགས་དང་མཐུན་པའི་བཟའ་སྟངས་ཤིག་ཡོད་དགོས་ཤིང་ལུགས་དང་མཐུན་པའི་སྒོ་ནས་ལྟོ་ཆས་བཟའ་རྒྱུ་དེ་ནི་ཚེ་རིང་པོ་ཡོང་བའི་རྩ་བ་ཡིན། ཟ་ཐེངས་རེར་རྒྱགས་ཚད་མི་བཟའ་བར་བཟའ་བཅའ་གཙོ་ཕལ་གཉིས་སྙོམས་པོ་བཟའ་དགོས་པ་དང་དུ་བ་མི་འཐེན་པ་དང་ཆང་རག་ཉུང་ཙམ་བཏུང་དགོས། ལྔ་པ་ནི་རང་ཉིད་ཀྱི་གཟུགས་གཞི་དང་འཚམ་པའི་ལུས་སྦྱོང་འཆར་གཞི་ཞིག་དགོས་ཤིང་གདམ་གསེས་བྱ་རྒྱུའི་རྩ་དོན་གཉིས་ཡོད་པ་སྟེ། གཅིག་ནི་མི་སྒེར་གྱི་འདོད་པ་དང་དགའ་ཞེན་དང་། གཉིས་ནི་རང་ཉིད་ཀྱི་གཟུགས་གཞིའི་གནས་ཚུལ་དང་ལྷག་པར་དུ་སྙིང་གི་ཁྲག་རྩའི་མ་ལག་གི་ནུས་པའི་གནས་ཚུལ་ལ་བལྟ་དགོས་པ་རེད། དྲུག་པ་ནི་འཁྲུག་ཆ་དོད་པ་དང་སྤྲོ་སེམས་རབ་ཏུ་འཁོལ་བའི་ཀུན་དང་མཐུན་པའི་གཤིས་ཀ་དགོས་ཤིང་མི་དང་འབྲེལ་གཏུགས་བྱས་ན་དགའ་སྣང་དང་བརྩེ་དུང་རབ་ཏུ་འཕེལ་ཐུབ་པར་མ་ཟད་གནས་འཕྲིན་གསར་པ་དང་བྱ་བ་གསར་པའི་ནང་ནས་རང་ཉིད་ལ་ཤེས་བྱ་གསར་པ་ཐོབ་ནས་ཡར་རྒྱས་རྒྱུན་མི་འཆད་པར་འགྲོ་བ་དང་ཕན་ཚུན་སེམས་ཁྲལ་དང་དཀའ་ངལ་སེལ་ཐབས་བྱེད་ལ་རང་ཉིད་ཀྱི་རྒྱུན་ལྡན་གྱི་འཚོ་བ་སྙོམས་སྒྲིག་བྱེད་ཆོག། བདུན་པ་ནི་ལུས་སེམས་དོ་སྙོམས་ཡོང་བའི་ལས་ཞོར་དུ་དགའ་པོ་བྱ་ཡུལ་ཞིག་དགོས་ཤིང་མ་མཐར་ཡང་ལས་ཞོར་དུ་དགའ་པོ་བྱ་ཡུལ་ཞིག་གསོ་སྐྱོང་བྱ་རྒྱུ་ནི་དགོས་གཏུགས་ཧ་ཅང་ཆེན་པོ་ཞིག་ཡིན་པ་དང་དེ་འདྲ་བྱས་ན་འཚོ་བའི་སྤྲོ་སེམས་ཆེ་རུ་ཕྱིན་ནས་མི་རྣམས་མི་ཉོབ་པ་དང་སྒྱིད་ལུག་སྤོང་ཐུབ་ལ་ངལ་དུབ་སེལ་བའི་ཐབས་ཤེས་ཡག་པོ་ཞིག་ཀྱང་རེད།། (རྩོམ་སྒྲིག་པས་འཚོལ་སྡུད་བྱས།)