国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཕལ་བའི་སྐྱིད་སྡུག་གི་གླུ།

དོ་ནུབ་ཕྱི་ན་གྲང་རླུང་འུར་འུར་ལྡང་།།

ཁ་བའི་མེ་ཏོག་འདབ་མ་ཕྱོགས་སུ་འཐོར།།

སྒེའུ་ཁུང་ཕར་ནང་མུན་པའི་གཙང་བོ་འདྲ།།

ནང་སེམས་འཁོར་བའི་ཟླ་བར་ཡང་ཡང་གདུང་།།

ལོ་ཟླའི་འགྲོས་ནི་རྟ་ཕོའི་བང་ལ་འགྲན།།

དུས་ཚོད་ཞགས་པས་འཕངས་ཀྱང་འཛིན་ཐབས་བྲལ།།

ལས་ཀྱི་འདུན་མ་སོ་སོར་གྱེས་པའི་ཚེ།།

འཁོར་བའི་མི་ལ་གཏད་སོ་ཅི་ཞིག་མཆིས།།

ཆགས་སྡང་ལས་ཀྱི་འཕག་ག་སྒྲིག་སྒྲིག་ནས།།

ན་ཚོད་དཔྱིད་ཀྱི་དཔལ་མོ་རྫོགས་ལ་ཉེ།།

མ་བརྟག་བློ་ལ་བྱུང་བའི་འཁྲུལ་བ་དག །

མི་སྡུག་རི་མོར་བྲིས་ཀྱང་ཡིད་དུ་འོང་།།

འདས་པའི་ལོ་ཟླ་དགུན་གཞུང་ཆུ་མོ་འདྲ།།

དྲན་པའི་གཞུང་ན་ཙག་སེར་འཁྱག་གིས་བསྡམས།།

སེམས་ཀྱི་སྨོན་པ་སྤྲིན་ནང་ཉི་མ་འདྲ།།

དགའ་སྐྱོ་གཉིས་ཀྱི་ཉིན་སྲིབ་རེས་ཀྱིས་བསྲོ།།

ལས་སྐལ་ཐག་པ་ལོ་ཟླས་དྲུད་དེ་ཤོར།།

ཞེ་འདང་མདུད་པ་མི་ཁས་བཤིག་སྟེ་འཐོར།།

ད་ནི་འདུན་མའི་དར་ཐག་ཆད་ན་ཡང་།།

ཡུན་རིང་བརྣགས་པའི་སེམས་ནད་སུ་ལ་བཤད།།

༼ ཚོར་རྐང་། ༽