སྤྱི་ཟླ11པའི་ཚེས9ནས10ཉིན་གྱི་བར། ཁུལ་ཨུའི་ཧྲུའུ་ཅི་ཧྲེན་དབྱང་གིས་ཉག་རོང་རྫོང་དུ་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་གནས་ཚུལ་ལ་བརྟག་དཔྱད་ཞིབ་འཇུག་གནང་ཞིང་། གཙོ་དོན་སློབ་གསོ་ལས་ཀའི་སྐོར་གྱི་སྙན་ཞུར་གསན་པར་མ་ཟད། བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་ནས་ཉག་རོང་རྫོང་ཡུན་རིང་བདེ་འགོད་དང་འཕེལ་རྒྱས་སྤུས་ཚད་མཐོན་པོར་ཡོང་བའི་ཁ་ཕྱོགས་དང་ཐབས་ལམ་ལ་ཐུན་མོང་ཐོག་ཞིབ་འཇུག་དང་སྐུལ་འདེད་གཏོང་བ་རེད། ཧྲེན་དབྱང་གིས་བློ་བརྟན་འགྱུར་མེད་ངང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བྱས་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙིང་དོན་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སི་ཁྲོན་དུ་གཟིགས་ཞིབ་གནང་བར་ཕེབས་པའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་མཐར་ཕྱིན་དང་། ཞིང་ཆེན་ཏང་ཨུའི་འཐབ་ཇུས་དང་བཀོད་སྒྲིག་ལ་དམིགས་པ་དང་།ཁུལ་ཨུའི་སྤྱིའི་ལས་ཀའི་བཀོད་སྒྲིག་ལ་དམ་པོར་དམིགས་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་བཅང་རྒྱུ་གཙོ་གནད་དུ་འཛིན་ཏེ། ཁུལ་ཡོངས་ཀྱི་ཁྱོན་ཡོངས་ལ་དམིགས་པ་དང་འཕེལ་རྒྱས་ཀྱི་ཁ་ཕྱོགས་གསལ་བ། བསམ་བློ་བཅིངས་འགྲོལ་གཏོང་བ་དང་ལས་ཀར་ཧུར་ཐག་སྒྲུབ་པ། འགག་སྒྲོལ་དཀའ་སེལ་བཅས་བྱས་ནས་དཔལ་འབྱོར་སྤྱི་ཚོགས་ཁྱོན་ཡོངས་ནས་འཕེལ་རྒྱས་མགྱོགས་སུ་བཏང་སྟེ། དཀར་མཛེས་ཁུལ་གྱི་ལྟེ་བའི་ས་ཁུལ་ཡག་པོ་བསྐྲུན་པར་འབད་བརྩོན་བྱས་ཏེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་དཀར་མཛེས་ཁུལ་གྱི་ལེའུ་བརྩམ་པར་བྱས་རྗེས་སྔར་ལས་ཆེ་བ་འཇོག་དགོས་ཞེས་ནན་གསུང་གནང་།
ཧྲེན་དབྱང་གིས་གཅིག་ནས་ཁ་ཕྱོགས་གསལ་པོས་རྫོང་ཁོངས་ཀྱི་དཔལ་འབྱོར་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་མགྱོགས་སུ་གཏོང་དགོས་པ་དང་། གཉིས་ནས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏང་དགོས། གསུམ་ནས་ནུས་རྒྱུ་གཙང་མའི་གཙོ་ཁྲིད་ལ་ཤུགས་སྣོན་དགོས། བཞི་ནས་ཁྱད་ལྡན་ཞིང་འབྲོག་འཕེལ་རྒྱས་ཇེ་མགྱོགས་སུ་གཏང་དགོས། ལྔ་ནས་དམངས་འཚོའི་ཕན་བདེ་མང་དུ་བཏང་ནས་ཐོག་མཐའ་བར་གསུམ་དུ་ཐུན་མོང་ཐོག་ཕྱུག་འགྱུར་གྱི་ཕྱོགས་སུ་གོམ་སྟབས་བརྟན་པོས་བསྐྱོད་དགོས། དྲུག་ནས་དབུལ་ཐར་འགག་སྒྲོལ་རྒྱུན་མཐུད་སྲ་བརྟན་གཏང་དགོས། བདུན་ནས་ཡུལ་སྡེ་དར་རྒྱས་སྐུལ་འདེད་གཏང་རྒྱུར་ཤུགས་རྒྱག་དགོས། བརྒྱད་ནས་ཀུན་ཕན་དམངས་འཚོ་འཛུགས་སྐྱོང་བྱ་དགོས། དགུ་ནས་མ་མཐའི་མཚམས་ཐིག་གི་བསམ་བློ་བརྟན་པོ་བཙུགས་ནས་འཆམ་མཐུན་བརྟན་རླིང་ལ་སྲུང་སྐྱོང་བྱ་རྒྱུ་རྒྱུན་འཁྱོངས་བྱ་དགོས། བཅུ་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་དགོས། བཅུ་གཅིག་ནས་ཆབ་སྲིད་ཀྱི་བདེ་འཇགས་སྲུང་སྐྱོང་མཐའ་གཅིག་ཏུ་བྱ་དགོས། བཅུ་གཉིས་ནས་ཁྲིམས་ལྟར་དགོན་པ་བདག་གཉེར་དང་གྲྭ་བཙུན་ལ་བདག་སྐྱོང་བྱ་དགོས། བཅུ་གསུམ་ནས་གཞི་རིམ་བཅོས་སྐྱོང་རྒྱུན་མི་ཆད་པར་གཏིང་ཟབ་ཏུ་གཏང་དགོས་ཞེས་ནན་གསུང་གནང་བ་རེད།། ( བདེ་སྐྱིད་ཀྱིས་བསྒྱུར།)
