ངའི་གདོང་ལ་ཁ་བ་འཐོར།
མཐོ་སྒང་གི་ཁ་བ་འཐོར།
མིང་མེད་པའི་ཁ་བ་ལགས།
ཁྱེད་རང་གང་ལ་ཕེབས།
སྤྲིན་ཚོམ་དུམ་བུ་ཞིག།
རི་ངོས་སུ་རྟབ་རྟབ་ཀྱིས་བཞུར།
མིང་ལ་ཁ་བ་ཟེར།
མི་རྟག་པའི་ཁ་བ།
ཡང་ན། བརྩེ་དུང་གི་ཁ་བ།
ཡང་ན། འབྲེལ་མེད་ཀྱི་ཁ་བ།
བསིལ་ལ་འཇམ་པའི་ཁ་བ།
དྲོ་ལ་གྲང་བའི་ཁ་བ།
ཁྱེད་རང་གང་ལ་འགྲོ།
སྨྲ་བརྗོད་མི་ནུས་པའི་བདག་གི་ངག།
གནས་དང་གནས་མིན་གྱི་གཞས་ཤིག།
ཡང་ཡང་ལེན་ན་འདོད་དམ།
ཏབ་ཅིག་ལ་མིག་ཆུ་འཐོར།
ཏབ་ཅིག་ལ་ཧད་དེ་སྡོད།
མིང་མེད་པའི་གཞས་ཤིག།
བར་སྣང་ལ་ཆས།
དར་མདོའི་བར་སྣང་ལ་ཆས།
ཁ་བ་འཁྱག་པོ་ཞིག་ལ་གྱུར།
དར་མདོའི་ཁ་བ་ཟེར།
ནར་སོན་པའི་ལོ་དང་ཟླ་བ།
སྨྲ་བ་བཅད་དེ་གང་ལ་ཆས།
ཁ་བ་བཞིན་གང་ལ་ཆས།
གཡའ་དག་པའི་ནམ་མཁའ་སྔོན་པོ།
ལམ་བུ་སྣུམ་པོ་ཞིག་ལ་འགྲོ་འགོ་བརྩམས།
ཉོན་མོངས་པས་བརྫིས་པའི་མཛའ་གཞས།
ཆོ་འཕྲུལ་གྱི་བུ་ག་ནས་བརྡོལ་ཏེ།
རྣ་ལ་སྙན་པོ་ཞིག་འདུག།
ཡིད་ལ་འཇེབས་པོ་ཞིག་ཀྱང་འདུག།
སྣང་བརྙན་ར་རི་ཞིག།
དར་མདོའི་ཁ་བ་ལ་སིམ།
སྐྱོ་གར་གྱི་ཀློང་ན།
ཐ་སྙད་ཀྱི་ངོགས་ན།
དར་མདོའི་ཁ་བ་གང་ལ་འཐོར།
༼ ཧུན • དུར་རོ། ༽
