ནང་དོན་གནད་བསྡུས། སློབ་གསོ་ནི་ཚན་རིག་དང་མཐུན་ཞིང་སློབ་མའི་ཁམས་དང་མོས་པར་བསྟུན་དགོས་པ་ལས།སྤྱི་ཚོགས་དང་ཁྱིམ་བདག་གི་དགོས་མཁོའམ་འདོད་བློ་ཁོ་ནར་བསྟུན་པ་ཡིན་ན།ཐང་གི་རྡོ་ལེན་ས་ནས་རུམ་གྱི་བྲོ་བོར་བའི་དཔེ་རུ་འགྱུར་ཉེན་ཆེ།དེ་བས་སློབ་མ་བདེ་ཐང་ངང་འཚར་སྐྱེད་ཡོང་བ་གལ་ཆེའོ།།
གནད་ཚིག། སློབ་མ། དགེ་རྒན། སྤྱི་ཚོགས། དགོས་མཁོ། སློབ་གསོ།
སྤྱིར་སྤྱི་ཚོགས་ཀྱི་དཔལ་འབྱོར་དང་།མིའི་རིགས་ཀྱི་བསམ་བློའི་གོ་རྟོགས་འཕེལ་འགྱུར་གྱི་གནས་བབས་དང་བསྟུན་པར་ཁྱིམ་བདག་གིས་ཀྱང་རང་རང་གི་བུ་ཕྲུག་ཚོར་བཅངས་བའི་སེམས་ཀྱི་རེ་འདོད་དེ།དེང་གི་སློབ་མའི་བྱ་སྤྱོད་དང་།ཤེས་ཡོན་གྱི་ཆུ་ཚད།དེ་བཞིན་རྒྱུགས་འབྲས་བཅས་ཀྱིས་སྐོང་ཐུབ་མིན་སྐོར་ནས་ཅུང་ཙམ་གླེང་བ་བྱ་བ་ལ།
གཅིག སྤྱི་ཚོགས་ཀྱི་གནས་བབས།
སྤྱི་ཚོགས་ནི་ཉིན་རེ་བཞིན་རྒྱུན་ཆད་མེད་པར་ཟུར་སོ་སོ་ནས་གོང་འཕེལ་འགྲོ་བཞིན་ཡོད་པ་མིག་མཐོང་ལག་ཟིན་དུ་སྣང་བ་ཡིན་ན། ཁྲ་ཁྲ་རིག་རིག་གི་ཁོར་ཡུག་ན་མི་རྣམས་ལ་དགོས་མཁོ་ཇེ་མང་དང་འདོད་ཧམ་ཇེ་ཆེ་ཡིན་པས། མིའི་བར་ལ་འགྲན་རྩོད་རང་བཞིན་ཞིག་ངང་ངམ་ཤུགས་ཀྱིས་གྲུབ། དེ་བཞིན་ཁྱིམ་བདག་གིས་རང་རང་གི་བུ་ཕྲུག་གི་ཡོན་ཚད་བསྡུར་བ་དང་སྤྱོད་ལམ་བསྡུར་བ། སྐར་འབྲས་བསྡུར་བ་བཅས་ཀྱིས་སློབ་མར་གནོན་ཤུགས་སྤྲོད་པའི་གནས་ཚུལ་ཤིན་ཏུ་མང་། དེ་ནི་རྩ་བའི་ཆ་ནས་སྤྱི་ཚོགས་ཀྱི་ཕྱིའི་དཔལ་འབྱོར་འཕེལ་རྒྱས་ཙམ་ལས།མིའི་ནང་སེམས་ཀྱི་བསམ་བློ་འཕེལ་རྒྱས་མ་སོང་བའི་འབྲས་བུ་མངོན་སུམ་པ་དེ་ཡིན་སྲིད།དེ་ལ་འགྱུར་བ་གཏང་དགོས་ན་དུས་ཡུན་ངེས་ཅན་ཞིག་དགོས་པ་ལས་འཕྲལ་མ་ཉིད་དུ་བཅོས་མི་ཐུབ་པས་བསམ་པའི་དཔལ་ཡོན་གྱི་ཚད་ངེས་ཅན་ཞིག་ཏུ་བསླེབ་དགོས། སྤྱིར་སློབ་མ་ལ་སྐད་ཡིག་ཤེས་རྟོགས་ཀྱི་རྨང་འདིང་བ་ནི་བྱིས་སློབ་ཁང་ནས་བོད་སྐད་ཀྱི་ཁོར་ཡུག་ཡག་པོ་དང་ཡི་གེའི་དབྱངས་གསལ་གྱི་སྒྲ་གདངས་དག་མོ་ཞིག་བསླབ་པ་ཡིན་ན་ཆུང་འབྲིང་སྐབས་སུ་སྐད་ཡིག་སློབ་ཁྲིད་ཀྱང་ལས་སླ་མོ་ཞིག་གི་ངང་ནས་གོང་འཕེལ་འགྲོ་བ་ལས་དཀའ་ངལ་ཅན་ཞིག་མིན།དེ་ལས་ལྡོག་སྟེ་བྱིས་སློབ་ཁང་ནས་སྐད་ཡིག་སློབ་སྦྱོང་གི་རིམ་པ་འཆོལ་བ་ཡིན་ན་དགེ་རྒན་གྱི་ཡོན་ཚད་ཅི་ལྟར་བཟང་བའམ་དབུ་ཁྲིད་ཀྱི་རྒྱབ་སྐྱོར་ཅི་ལྟར་བཟང་རུང་ངལ་བ་འབྲས་མེད་ཡིན་པ་མཐོང་ཐོས་མྱོང་གསུམ་ལས་ཤེས་ཐུབ་པའོ།།
གཉིས། ཁྱིམ་བདག་གི་ངོ་བསྟོད་ལ་རེ་བའི་དགེ་རྒན།
སྤྱིར་ངོ་བསྟོད་ལ་དགའ་བ་ནི་འཇིག་རྟེན་གྱི་ཆོས་ཉིད་ཅིག་ཏུ་འཁུམས་པ་ཡིན་ན། དགེ་རྒན་ལ་ཡང་བསྟོད་པ་བྱས་ན་དགའ་ཞིང་སྨད་པ་བྱས་ན་མི་དགའ་བས་གནས་ལུགས་ལ་གཞིགས་ནས་ཁྱིམ་པ་ལ་ལས་དགེ་རྒན་ཅིག་ཅིག་ལ་ངེད་ཚང་གི་བུ་ཕྲུག་སྐྲག་གི།ཅིག་ཅིག་ལ་མི་སྐྲག་གི།ཡང་ན་དགེ་རྒན་ཆེ་གེ་མོ་བཟང་གི་དེས་ལས་བྱ་མང་པོ་འཇོག་གིན་འདུག།དགེ་རྒན་ཆེ་གེ་མོ་མི་བཟང་གི་དེས་ལས་བྱ་བཀོད་མི་འདུག་ཟེར་བ་སོགས་ནི་ཁྱིམ་བདག་རང་རང་གི་དགའ་ཕྱོགས་ཙམ་ལས་གནས་ལུགས་དང་མཐུན་པའི་བསྟོད་པ་མིན་པ་ཤེས་བཞིན་དུ།བུ་ཕྲུག་སྐྲག་ས་དེ་བཟང་བར་ངོས་བཟུང་ནས་ལས་བྱ་མང་དུ་བཞག་སྟེ་མ་ཚར་བ་ཡིན་ན། སློབ་མར་གཅར་རྡུང་དང་དུས་མ་ཡིན་པར་བཀག་ཉར་བྱ་བ་སྟེ། ཟ་མ་ཟ་རུ་མི་འཇུག་པ་དང་གཉིད་ཉལ་དུ་མི་འཇུག་པ་སོགས་ནི་མ་རུང་བའི་གནས་སོ།།
གསུམ། ཁུར་བོ་དེས་སློབ་མར་ཐེབས་པའི་བཟང་ངན་གྱི་ཆ།
བཟང་བའི་ཆ་ནི་སྲོལ་རྒྱུན་ལྟར་ན་ཅི་ཙམ་གཅུན་ན་དེ་ཙམ་གྱིས་བཟང་བར་ངོས་འཛིན་གྱིན་ཡོད་ལ་སློབ་མ་རེ་ཟུང་ཙམ་ལས་མཐའ་གཅིག་ཏུ་བཟང་བའི་ངེས་པ་ནི་མེད། ངན་པའི་ཆ་ནི་ཅུང་ཙམ་མང་བ་ཡོད་དེ། གཅིག་ནི་དུས་རབས་ཀྱི་སློབ་གསོ་དང་མི་མཐུན་པ། གཉིས་ནི་སློབ་བུ་དག་གི་སློབ་སྦྱོང་དེ་གནས་སྐབས་ཙམ་ལས་མཐར་ཐུག་མིན་ཏེ།སྐྲག་སྣང་ལས་དགའ་ཞེན་མིན་པས་སོ།། གསུམ་ནི་ཁྱིམ་བདག་དག་ཀྱང་ཆོས་སྲིད་ཤེས་མཁན་ཞིག་ཡིན་ན་དགེ་རྒན་གྱི་ཁ་མགོ་རྣ་ལ་དམའ་འབེབས་དང་འཕྱ་སྨོད་བྱ་སྲིད། བཞི་ནི་སློབ་བུ་དག་རང་ལ་ཡིད་ཆེས་མེད་པ་སྟེ། ནམ་ཡང་གཞན་གྱི་བཀོད་འདོམས་འོག་ནས་སྡོད་པ་ལས་རང་འགུལ་ངང་བྱ་བ་ལ་འཇུག་མི་ཤེས་པ་ཞིག་ཏུ་གྱུར་བ་ནི་ཆེས་འཇིགས་སུ་རུང་བ་འབའ་ཞིག་གོ།།
བཞི། འབྲིང་རིམ་སློབ་མའི་གནད་དོན་ཐག་གཅོད་སྟངས།
འབྲིང་གཉེར་སློབ་གསོ་ནི་སློབ་བུ་དག་གི་མི་ཚེའི་དཀྱོགས་མཚམས་གལ་ཆེ་ཤོས་ཤིག་སྟེ། བསམ་བློ་དང་།མི་གཤིས།རིག་པ་བཅས་ནར་སོན་ལ་མ་སོན་པའི་དུས་ཡིན་པ་དཔེར་ན། སློབ་བུ་དག་ཕར་བལྟས་ཚོད་ལ་བསམ་བློ་ཡོད་མདོག། རིག་པ་སོགས་གང་ཅིའི་ཐད་ནས་མི་གཞན་ལ་དཔྱད་བརྗོད་བྱ་མདོག་བྱ་བའི་དུས་ཡིན་ན།དགེ་རྒན་གྱིས་ཀྱང་རིག་པ་བརྒྱར་བསྐྱེད་དེ་སློབ་བུ་དེ་དག་ཁ་དྲང་ཕྱིར་ཚན་རིག་དང་མཐུན་པར་ཐབས་བརྒྱ་ཇུས་སྟོང་གིས་འབད་དགོས་པ་ལས། བཙན་པོ་དང་དབྱུག་པ་ཁོ་ནས་སྐུལ་ལྕག་བྱ་བ་ནི་སློབ་གསོ་དེང་རབས་ཅན་དང་། འཛམ་གླིང་ལ་ཁ་ཕྱོགས་པ་མ་ཡིན་པ་ཤེས་དགོས། དེང་རབས་ཀྱི་སློབ་གསོ་ལས་དགེ་རྒན་ལ་ཆེས་མཁོ་བ་ནི་གདུལ་བྱ་སློབ་མ་སོ་སོའི་ཡོན་ཚད་དང་སེམས་ཁམས་རྒྱུས་ལོན་བྱ་རྒྱུ་ཧ་ཅང་གལ་ཆེ་སྟེ།
༡ སློབ་མའི་ཕ་མའི་གནས་ཚུལ་ཏེ་ཁྱིམ་པའི་ལོ་རྒྱུས་གསལ་པོ་ཤེས་དགོས།
༢ སློབ་མའི་འཚོལ་སྙེག་རང་བཞིན་ཏེ་ཁོ་ཚོའི་དགོས་མཁོ་གཙོ་བོ་དེ་གང་ཡིན་པ་དེ་ཤེས་དགོས།
༣ བཙན་ཐབས་ཀྱིས་མ་ཡིན་པར་སློབ་མ་དང་ཁྱིམ་བདག་གཉིས་པོ་དེ་དགེ་རྒན་ལ་ངང་ངམ་ཤུགས་ཀྱིས་དགའ་རུ་འཇུག་པའི་ཐབས་ལམ་གསལ་པོ་ཡོད་དགོས།
༤ སློབ་མའི་དུས་ཚོད་ལ་གཏན་འཁེལ་རང་བཞིན་ཡོད་དགོས་ཏེ་སྤྱོད་ལམ་བཞིའི་དུས་ཚོད་འདང་ངེས་དང་།གཞན་སློབ་སྦྱོང་དང་སྤྲོ་གསེང་གི་དུས་ཚོད་བསྡུར་ཚད་ངེས་ཅན་ཞིག་དགོས་པ་ནི་ཁ་ཚ་དགོས་གཏུགས་ཀྱི་དོན་ཆེན་ཞིག་ཡིན་ཏེ། མི་ཚེའི་འཚར་ལོངས་ལས་ང་ཚོར་སྤྲད་པའི་དགོས་ངེས་ཀྱི་རང་བཞིན་ཞིག་ཡིན་པ་ཤེས་དགོས།
ལྔ། གདུལ་བྱ་སློབ་མ་དང་བསྟུན་ཏེ་སློབ་གསོ་བྱ་དགོས།
དེའང་ཆུ་ལུད་ནི་ལོ་ཏོག་སྨིན་པ་ལ་ཆེས་མེད་དུ་མི་རུང་བའི་རྐྱེན་ཞིག་ཡིནརུང་།ཡུལ་དུས་དང་མ་བསྟུན་པའམ་ཡང་ན་མང་ཉུང་ལ་མ་ལྟོས་པར་མང་དྲགས་པའམ་ཐལ་དྲགས་ན་ལོ་ཏོག་ལ་ཕན་པ་ལས་གནོད་པ་མང་།དེ་བཞིན་ང་ཚོའི་སློབ་མ་ལ་དགོས་པ་དེ་སྦྱང་བྱ་ཁག་གི་ཤེས་བྱ་དག་ཡིན་མོད། དེ་མང་དུ་སྒྲུབ་པའམ་ཐལ་དྲགས་པ་སྟེ། མིའི་ཆོས་ཉིད་དུ་གྱུར་པའི་ཟས་སྐོམ་བསྟེན་པའི་དུས་ཚོད་དང་། གཉིད་ཉལ་བའི་དུས་ཚོད་སོགས་ཀྱང་བསྲིས་ཏེ་སྦྱངས་ཚན་སྒྲུབ་པ་ཡིན་ན་ཕན་པ་ལས་གནོད་པ་ཆེ་སྙམ། རྒྱུ་མཚན་ནི་སོ་ནམ་པ་དག་གིས་ངག་སྒྲོས་སུ་ཆར་བ་བབས་དྲགས་པས་ཆུ་ཟགས་ཁུར་སོང་དང་།ལུད་མང་དྲགས་པས་འཚིག་སོང་སོགས་ཀྱི་དོན་ལས་མ་འདས། སྤྱིར་སློབ་མ་དག་གཅུན་དགོས་མོད། ཚད་དང་རན་པ་ཞིག་དགོས་ཏེ། གྲིམ་གྱིས་སྒྲིམ་ལ་ལྷོད་ཀྱིས་གློད།། དེ་ལ་ལྟ་བའི་གནད་ཅིག་ཡོད།། ཅེས་ཟེར་བའི་དགོངས་དོན་དང་བསྟུན་དགོས་པ་དེ་དེང་གི་སློབ་གསོ་ལའང་མཁོ་གལ་ཆེ་བ་གདོན་མི་ཟའོ།།
མདོར་ན་ད་ལྟའི་རང་རེའི་ས་ཁུལ་གྱི་དགེ་རྒན་ལ་ལ་ནི་བྱིས་པའི་མོས་པ་དམར་གསོད་བྱེད་མཁན་གྱི་ལག་དམར་དེ་ཡིན་སྲིད། གང་རེད་ཟེར་ན་བྱིས་པའི་སེམས་ཁམས་དང་མོས་པར་མི་བསྟུན་པར། ལས་བྱ་ཚད་ལས་བརྒལ་བ་དང་། བློར་འཛིན་རྒྱུ་མང་པོ་བཞག་ནས། དུས་ཐོག་ཏུ་མ་ཐུབ་ཚེ་ལུས་སེམས་ལ་ཆད་པ་གཅོད་པ་སྟེ། ལྕག་ཚན་གཞུ་བ། གྲོལ་དུས་རྗེས་སུ་བཞག་ནས་ཟ་མ་ཟ་རུ་མི་འཇུག་པ། ཡང་ན་མཚན་མོ་གཉིད་དུ་མི་བཅུག་པ་སོགས་ཀྱི་སྣང་ཚུལ་མང་པོ་འདིས་ཕར་བལྟས་ཚོད་ལ་དགེ་རྒན་ཆེ་གེ་མོས་སློབ་མའི་དོན་དུ་ནངས་སྔ་ལངས་དང་དགོང་ཕྱི་ཉལ་གྱིས་ཧུར་ཐག་འབད་ཐག་བྱེད་བཞིན་པ་འདྲ་ནའང། དོན་ལ་བྱིས་པའི་ལུས་སེམས་ལ་མནར་གཅོད་ཐེབས་ནས་རྗེས་མར་བྱ་བ་གང་ལ་ཞུགས་ཀྱང་མོས་པ་དང་སྤྲོ་བ་མེད་པར་གྱུར་པར་མ་ཟད། སྦྱངས་འབྲས་དེ་ལས་ཇེ་ཞན་དུ་འགྲོ་བཞིན་ཡོད་པ་ནི་མིག་མཐོང་ལག་ཟིན་དུ་སྣང་ངོ་།། འདི་ནི་མི་ཚེའི་མདུན་ལམ་ལ་འདང་མ་བརྒྱབ་པའི་འཕག་འཚག་ཅིག་ཅི་ལ་མིན།
ད་དུང་དེང་གི་སློབ་བུ་དག་གི་སྦྱངས་བྱ་དང་རིགས་ལམ་ལ་ཆེད་དུ་སྒོ་ཟྭ་བརྒྱབ་པ་ཞིག་ནི་རྩེད་མོ་རྩེ་བ་དང་རིག་པ་ལ་ངལ་གསོ་ཁོམ་མེད་དེ།སློབ་གྲྭའི་མགོ་བ་དག་གིས་རྒྱལ་ཕྱི་ནང་གི་སློབ་གྲྭ་ག་གེ་མོའི་སློབ་མ་ཆེ་གེ་མོ་ལ་དོན་རྐྱེན་ཅིག་ཅིག་བྱུང་ནས་མགོ་བ་ཕབ་བཞག་པ་རེད་ཟེར་བའི་དཔེ་མཚོན་རེ་གཉིས་ཁུར་འོང་ནས་སློབ་མ་ལ་དགོས་པའི་རྩེད་མོ་དང་ལུས་རྩལ་སོགས་རྦད་དེ་བཀག་ནས་མེད་པར་བཟོས་པ་ནི་རང་ཉིད་ཀྱི་གོ་གནས་ཙམ་ལས་སློབ་མའི་འཚར་ལོངས་ལ་འདང་མ་བརྒྱབ་པའི་གནད་ཡིན་པ་ཤེས་བཞིན་དུ་ཁ་ཁོག་མི་མཐུན་པའི་ཚོགས་འདུ་འདྲ་ཆགས་ཆགས་རེ་འཚོགས་ནས་ཆེད་དུ་སློབ་མའི་འཚར་སྐྱེད་ཡང་དག་པ་ལ་བཀག་རྡོ་སྒྲིག་གིན་འདུག་པའང་ཤེས་དགོས་པའི་གནད་དོ།།
བྲག་འགོ་རྫོང་སློབ་འབྲིང་། རྣམ་རྒྱལ་དོན་འགྲུབ། 炉霍县中学 郎加登召
ཟུར་ལྟའི་དཔེ་དེབ།
(1)གཅན་རོང་བསྟན་འཛིན་གྱིས་བརྩམས་པའི་སློབ་གསོ་ལག་ལེན་རྣམ་བཤད། ཡུན་ནན་མི་རིགས་དཔེ་སྐྲུན་ཁང་།དཔེ་རྟགས། ISBN 7-5367-2813-1
(2)སྒོ་མེ་གསང་བདག་ལྷུན་གྲུབ་ཀྱིས་བརྩམས་པའི་སྐད་ཡིག་སློབ་ཁྲིད་ལ་འཇུག་པའི་སྒོ་བློ་གསལ་མྱུར་ལམ།མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་།
དཔེ་རྟགས།ISBN 978-7-5420-3795-4
