国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






སེམས་ཚོར་ཐར་ཐོར།

ངའི་བརྩོན་འགྲུས་རྡོ་ལ་བརྐོས་ན།།

རྡོ་ལེ་ལོའི་ཐོ་བས་གཏོར་སོང་།།

ངའི་ཕུགས་བསམ་སེམས་ལ་ཉར་ན།།

སེམས་ངེས་མེད་རླུང་གིས་ཁུར་སོང་།།

ངའི་ལང་ཚོའི་འདབ་མ་རྒྱས་ན།།

འདབ་མེ་ཏོག་ཙག་གིས་བསྡམས་སོང་།།

ངས་བསམ་དོན་ལྷ་ལ་བཅོལ་ན།།

ལྷ་བླ་མས་སྤྱན་གྱིས་མ་གཟིགས།།

ངའི་གདུང་བ་ཆུ་ལ་བསྐུར་ན།།

ཆུ་གཙང་པོ་འཁྱག་གིས་བཟུང་སོང་།།

ངའི་མིག་ཆུ་མཚོ་མོར་བསྐྱིལ་ན།།

མཚོ་ཆེན་པོའི་རླབས་ཕྲེང་རྩེན་སོང་།།

ངའི་འདོད་ཐོག་རྟ་རྒྱུག་བསམས་ན།།

རྟ་འདོ་བའི་རྨིག་སྒྲ་དབེན་སོང་།།

ངའི་མི་ཚེ་ལས་རེད་འདོད་ན།།

ལས་བསམ་ནག་གློག་ལྟར་འཁྱུགས་བྱུང་།།

སྐྱིད་མི་རྟག་འཁོར་བར་འདོད་ན།།

ཡུལ་འཁོར་བར་འཁྲེང་ཐག་མ་ཆད།།

ལུས་ངུར་སྨྲིག་གོས་ཀྱིས་སྤུད་ཀྱང་།།

སེམས་དུག་ལྔའི་མཚོ་ལ་བྱིང་སོང་།།

ཁ་དགེ་བའི་ཚིག་གིས་ཕྱུག་ཀྱང་།།

ཁོག་མི་དགེའི་ལས་ལ་སིམས་སོང་།།

གནས་དབེན་པའི་རི་ཁྲོད་འཁོད་ཀྱང་།།

ཡིད་མི་ཚོགས་ཁྲོམ་རར་ཉུལ་སོང་།།

༼ གཡུང་དྲུང་བཀྲ་ཤིས། ༽