གངས་ཅན་ཆོས་གཞུང་ཤེས་རིག་ནོར་བུ་ཡི།།
རྔམ་ཁ་མཐུག་ཅིང་སྲ་བརྟན་ལྕགས་རིའི་རྫོང་།།
ཡོངས་སུ་སྲུང་ལ་མཐའ་སྲུང་དཔའ་བོའི་ཚུལ།།
ཚུལ་ཁྲིམས་བློ་གྲོས་དོན་གྱིས་དྲིན་ཆེན་ཡིན།།
མི་རིགས་གང་ཞིག་འཆི་བའི་སྲོག་གི་གནད།།
སྐད་དང་ཡི་གེར་གོ་བའི་གཟུགས་རྒྱང་ཅན།།
དུས་ཀྱི་འཚུབ་འགྱུར་རྒོད་པའི་ཕྲག་བར་ནས།།
མ་བོར་ཕྱི་རབས་གངས་ཕྲུག་གཞོན་ནུར་སྤྲད།།
འགའ་རེས་སྲོལ་རྒྱུན་ཡིན་ཞེས་མཐའ་དག་དོར།།
ལ་ལས་སྲོལ་རྒྱུན་རྙིང་པར་མཁྲེགས་འཛིན་བྱེད།།
ཁྱེད་ནི་མཐའ་གཉིས་སེལ་བའི་སྒྲོན་མེ་ཞིག།
གནའ་དེང་ཟུང་དུ་འབྲེལ་བའི་ཤེས་རབ་ཡིན།།
གངས་ཕྲུག་གཞོན་ནུ་སྤོབས་པའི་གད་རྒྱངས་ཅན།།
བདེ་ཐང་འཚར་ལོངས་འབྱུང་བའི་གཞི་མ་སྟེ།།
བྱམས་བརྩེ་གཉིས་ལྡན་སྐྱེ་འགྲོའི་ཡུམ་ཆེན་དེའི།།
བདེ་ཐང་འཕྲོད་བསྟེན་འཆད་ལ་ཁྱེད་ནི་བྲེལ།།
འདས་སོང་ལོ་རྒྱུས་གཡུ་ཡི་མེ་ལོང་དུ།།
མ་འདྲེས་གསལ་པོར་ཤར་བའི་སྐྱོ་གར་ཞིག།
རྟོགས་ནས་བོད་ཡུལ་ཆོས་རྒྱུད་གྲུབ་མཐའ་ཁག།
མཐུན་སེམས་གོང་བུ་གཅིག་ཏུ་འཁྱིལ་བར་བྱས།།
སྐྱེ་འགྲོ་ཀུན་གྱིས་ཀུན་ནས་གཅེས་པ་ཡི།།
ཚེ་དང་སྲོག་ལ་ཕུལ་བའི་རྔུལ་ཆུ་ནི།།
བོད་རྒྱ་ཡིད་ཀྱི་ཞིང་སར་གཏོར་བ་ཡིས།།
གང་ལ་ཕོག་དེར་བྱང་སེམས་ལྗོན་པ་འབུས།།
རིས་མེད་རྒྱལ་བསྟན་ཡོངས་ཀྱི་ཆོས་གཞི་ཆེ།།
དམ་པའི་ལུང་གིས་བསྔགས་པའི་ཆོས་སྡེར་དེར།།
ཁྱེད་སྐུའི་རྣམ་དཔྱོད་འོད་ཟེར་རེག་པ་ཡི།།
སྐྱེ་བོ་གང་དག་འདྲ་འདྲའི་མི་འདྲ་ཡིན།།
མུན་སྤྲུལ་འབྱུང་པོས་མ་བྱས་གླེང་འགེལ་དང་།།
མ་གསུངས་སྒྲོ་འདོགས་ལ་སོགས་འཆལ་གཏམ་ཚོགས།།
སྙན་གྱིས་གསན་ཡང་ཡ་ལན་མི་འདེབས་པ།།
ཞལ་ཆེམས་ཐུགས་ཀྱི་དཀྱིལ་དུ་བཟུང་བས་ཡིན།།
བསྟན་སྲིད་ཟུང་གི་ལས་ལ་རྟག་འགྲུས་པའི།།
དམ་པའི་སྐྱེས་བུ་གང་དག་གཅིག་རེ་བཞིན།།
ཞི་བར་གཟིམས་པའི་སྣང་ཚུལ་འདི་མཐོང་ན།།
བདག་ནི་ཁྱེད་ལ་ལྷག་ཏུ་སེར་སྣ་ཡོང་།།
ཁྱེད་ནི་མི་འགྱུར་སྲ་བརྟན་བྲག་རི་བཞིན།།
དཔག་ཡས་ཚེ་མཐའ་ཡས་པའི་སྐུ་ཚེ་བཞིན།།
འབྱུང་འགྱུར་དུས་ཀྱི་ལམ་སྟོན་སྒྲོན་མེ་རུ།།
དཔྱོད་ལྡན་མཁས་པའི་ཚོགས་དག་ཅིས་མི་སྨོན།།
༼ ཁྱབ་གདལ། ༽