སྤྲོས་པའི་འཇའ་འོད་ལ་ཡིད་སེམས་འཇོག་ཅིང་། །
སྣང་བའི་གུར་ཁྱིམ་དུ་ལྡིང་སྐོར་བྱེད་དུས། །
ཁ་སང་དྲན་ཤིང་གི་གསེབ་ཏུ་སྦས་པའི། །
མཛེས་པའི་བཞིན་རས་དེ་དེ་རིང་མཐོང་བྱུང་། །
ལས་ཀྱི་ལམ་བུ་རུ་རེ་བ་བཞག་ཅིང་། །
འཚོལ་བའི་ཕུགས་འདུན་ལ་བློ་སེམས་གཏད་དུས། །
ན་ནིང་གྱེས་ཕྱག་གིས་བྲལ་བའི་མི་དེ། །
ད་ལོར་མིག་མདུན་དུ་ཝ་ལེར་གསལ་བྱུང་། །
གསེར་མིག་ཉ་ཆུང་ལ་འཕྲིན་སེམས་བསྐུར་ཅིང་། །
བསིལ་རླུང་འཇམ་པོ་ལ་རེ་སྒུག་བྱེད་དུས། །
ལྷོ་མཐའི་ཡུལ་གྲོང་དུ་འཕུར་བའི་ཁྲུང་ཁྲུང་། །
འཕྲིན་པ་སྣུམ་མོ་ཞིག་ཁྱེར་ཏེ་ཐོན་བྱུང་། །
མཁའ་དབྱིངས་སྐར་ཚོམ་ལ་མིག་ཟུང་ཅེར་ཞིང་། །
དབུས་ཀྱི་ཟླ་བ་ལ་རེ་སྨོན་འཆོལ་དུས། །
ནམ་ཞིག་དགུན་གཞུང་གི་གྲང་ངར་བརྒལ་ཏེ། །
དཔྱིད་ཀྱི་ཕོ་ཉ་སར་ཐོན་ན་བསམ་ཡོད། །
འཚོ་བའི་རྐང་ལམ་དུ་རྗེས་ཤུལ་བཞག་ཅིང་། །
དྲན་པའི་རྨི་ལམ་དུ་འཁྲེང་སེམས་འཁོར་དུས། །
ལྷད་མེད་འཛུམ་ཞལ་གྱི་སྤྲོ་སེམས་སྣུམ་པོ། །
དྲི་མེད་ཤོག་ངོས་སུ་རི་མོར་འགོད་འདོད། །
ཚིག་གི་ཆོ་འཕྲུལ་དུ་དབྱངས་གསལ་བསྡེབས་ཤིང་། །
ངག་གི་རླབས་རིས་སུ་མགྲིན་པ་འགུགས་དུས། །
སྙན་དབྱངས་སྤྲིན་དཀར་གྱི་འདབ་མའི་སྟེང་དུ། །
འཁོར་བའི་སྣང་བརྙན་གྱི་བང་རིམ་བཞེངས་ཡོད། །
༼ རུས་རྐང་དྭངས་མ། ༽