ལྔ་རིག་ནགས་ཀླུང་གི་ལྗོན་པའི་འདབ་མ། །
ཤེས་རབ་སྣ་ཚོགས་ཀྱིས་གོས་སུ་གྱོན་ཡང་། །
སྐལ་བཟང་གང་དེ་ཡི་དད་པའི་འཁྲི་ཤིང་། །
མི་བསྟེན་དབྱངས་ཅན་ཁྱོད་འགའ་ཡང་མེད་ན། །
ཟ་ཟའི་དུད་རླུང་གིས་ནང་སེམས་རྨོངས་པའི། །
དམུ་རྒོད་བདག་འདྲ་ཡང་ཁྱེད་སར་གཅར་ན། །
བྱམས་བརྩེའི་གྲིབ་བསིལ་གྱིས་མུན་པའི་རྡུལ་ཚོགས། །
བཅོམ་ཞིང་སེལ་བ་ལ་སྐྱེངས་ནས་ཅི་བྱ། །
འདྲ་མིན་ཀུན་རྟོག་གི་སྡེབ་རིས་ངོས་ལ། །
འཆར་སྣང་བུ་ཡུག་གི་འཚུབ་རླུང་རྒོད་ཀྱང་། །
མི་སྣང་ཁྲི་ཕྲག་གི་དད་པའི་གཙུག་རྒྱན། །
གཅིག་གྱུར་ཚངས་མ་ཁྱོད་དེང་འདིར་ཕེབས་ཤིག །
ཀྱེ་ཀྱེ་ཚངས་མ་ཁྱོད་སྟོང་ཆེན་དབྱིངས་ནས། །
མི་མཇེད་སྙན་དབྱངས་ཀྱི་ང་རོ་སྒྲོག་དུས། །
ཏིང་འཛིན་བསམ་སྒོམ་གྱི་འདུ་བྱེད་ཕུང་པོ། །
རྟག་བརྟན་ཐེར་ཟུག་གི་ཆ་ཤས་གཏོར་ན། །
མ་བསྐུལ་རྗེས་ཆགས་ཀྱི་བུང་བ་བདག་འདྲས། །
མི་ཕྱེད་དད་འདུན་གྱིས་དབྱངས་ཅན་འབོད་ན། །
ཁྱེད་ཐུགས་མེ་ལོང་གི་ཆབ་རྒྱུན་གཙང་མས། །
རབ་རིབ་བདག་རྨོངས་འདི་གཙང་མར་བཀྲུ་རོགས། །
གང་ལ་དད་གུས་ཀྱི་འཚུབ་རླུང་རྒོད་པོ། །
ཞེ་རྩའི་ཨུ་ཁུང་ནས་ཁྱེད་སར་ལྡང་ན། །
དེ་ལ་ཟིལ་གནོན་གྱི་སྙན་པའི་ཚན་ཁ། །
བྱིན་རླབས་སྦྲང་ཆར་གྱི་མེ་ཏོག་ཕབ་རོགས། །
ཆགས་མེད་མཁའ་དབྱིངས་ཀྱི་འོད་ཟེར་ཀློང་ན། །
རང་བདེ་ཕྱོགས་ལྷུང་གི་གཉིིས་འཛིན་བྲལ་བའི། །
རོལ་སྒེག་གར་འགྱིངས་ཀྱི་དབྱངས་ཅན་ལྷ་མོས། །
ཐུགས་རྗེ་བདུད་ཟིལ་གྱི་ཟེགས་མ་གཏོར་དང་། །
འདིར་སྣང་ཀུ་མུད་ཀྱི་སྐྱེད་ཚལ་ཀློང་ན། །
མི་ཟད་མཁའ་མཉམ་གྱི་རྒྱུད་མངས་དཀྲོལ་བའི། །
མ་གཅིག་ཚངས་མ་ཡི་མགྲིན་པའི་རིག་རྩལ། །
དགྱེས་འཛུམ་བུ་སློབ་ལ་བྱིན་སེ་ཕོབས་དང་། །
མ་དག་ལས་ཉོན་གྱི་འདམ་ལ་འབྱར་བའི། །
སྲིད་པ་ཁམས་སེམས་ཀྱི་སྐྱེ་བོ་དེ་དག །
དག་པ་ལྷ་ལམ་གྱི་ཐེམ་སྐས་བཙུགས་ནས། །
གདོད་མའི་གཞི་ཀློང་གི་ངོ་བོ་རྟོགས་འགྲོ། །
གང་ལ་སྐྱེས་སྟོབས་ཀྱི་དབང་པོ་དམན་ན། །
དེ་ལ་བསམ་ཤེས་ཀྱི་ཀླད་ཁྱིམ་རྩོལ་བའི། །
ཟབ་ཡངས་ཚངས་པ་ཡི་ཐུགས་ཀྱི་སྲས་མོའི། །
ཞབས་རྡུལ་དྲི་མེད་ལ་མགོ་བོ་བཏུད་དོ། །
མི་ངོམས་འཇོ་སྒེག་གི་ཆ་ཤས་རེ་ལ། །
ཡིད་འོང་ཆུ་འཛིན་གྱི་མཚན་མ་འཛིན་ཞིང་། །
ཀུན་ཡང་རབ་དགའ་ཡི་མེ་ཏོག་གཏོར་བའི། །
དབྱངས་ཅན་ལྷ་མོ་དེའི་ཞབས་ཀྱིས་འཛིན་རོགས། །
རེས་འགའ་རྗེས་ཆགས་ཀྱི་ཉམས་དགུའི་མགུར་མ། །
མ་མཐོང་རྒྱང་རིང་གི་དབྱངས་ཅན་སྤྲིངས་ན། །
མགྲིན་པ་རབ་རིང་གི་སྙན་པའི་ཟོལ་ཅན། །
ཁྱེད་ཐུགས་ཟླ་སྡོང་གིས་བདག་ལ་གནང་རོགས། །
ཆུ་འཛིན་ལང་ལིང་གི་རྒྱུ་ཕྱོགས་བར་ན། །
མི་གཡོ་སྤྲིན་དཀར་གྱི་གཟུགས་རིས་འཛིན་ཞིང་། །
སྙིང་པོ་ཆོས་ཉིད་ཀྱི་གནད་རྩ་རྟོགས་པའི། །
དབྱངས་ཅན་ལྷ་མོ་དེའི་སྒེག་ཉམས་རེ་རེ། །
དར་རྒུད་བརྡབ་གསིག་གི་ཡོ་ལང་བར་ན། །
འགོག་མེད་སྐྱོ་གདུང་གི་འཚུབ་མ་རྒོད་ཀྱང་། །
མི་ཁོམ་འགྲོ་བ་ཡི་གདེངས་ཀའི་རྩེ་ལ། །
འཇོ་སྒེག་གཡེར་བག་གི་གཟུགས་རིས་བྲིས་ཡོད། །
དཀར་དམར་ལི་ཁྲི་ཡི་དབུ་རྒྱན་དེ་ལ། །
འོད་སྟོང་ཕྱོགས་སྤྲོས་ཀྱི་གློག་ཞགས་འཁྱུག་ཡོད། །
ཉག་གཅིག་འཆི་མེད་ཀྱི་མགྲིན་པའི་སྙན་དབྱངས། །
ཐོས་འཛིན་བུ་ག་ནས་ལན་གཅིག་གཏང་རོགས། །
ཕར་བལྟས་སྲིད་འབྱོར་གྱི་ཟིལ་བ་ཁྲོམ་ཁྲོམ། །
རང་སེམས་དྭངས་ཤེལ་གྱི་ཆུ་མིག་འདྲ་ཡང་། །
ཨེ་འཐོབ་ཆགས་སྡང་གི་འཁོར་ལོ་བསྐོར་ནས། །
ཐོབ་ཀྱང་མནོག་ཆུང་གི་ནང་སྙིང་སྟོང་བ། །
སྲིད་གསུམ་སྙན་འཇེབས་ཀྱི་སྒྲ་སྐད་དེ་ལས། །
བྱུང་བའི་འཇོ་སྒེག་གི་དབྱངས་ཅན་ལྷ་མོ། །
ཞབས་རྡུལ་ཟུར་ཕུད་ཀྱི་རྩེ་ནས་མཆོད་ན། །
ཟག་མེད་དངོས་གྲུབ་ཀྱི་སྙིང་པོ་བསྩལ་རོགས། །
༼ ཚོར་སྦྲང་། ༽