ཀ་ཁའི་དབྱངས་རྟ་ངག་ལ་གྱེར་བཞིན་སློབ་ར་གཅིག་ནས་མཉམ་དུ་འཛོམས།།
ཁ་བའི་ལས་དོན་སེམས་ལ་བརྣག་ཞོར་སློབ་མ་ཁྱོད་ཚོར་བརྩེ་བ་ཆགས།།
ག་ས་གང་དུ་སློབ་མའི་ཀློག་འདོན་འུར་སྒྲ་ཤིན་ཏུ་ཆེ་བ་དེ།།
ང་ཡིས་བལྟས་ན་འུ་ཅག་ཚང་མ་རེ་བ་ཧ་ཅང་མཐོ་བའི་རྟགས།།
ཅ་ཅོའི་གཏམ་ལ་རྣ་བ་མ་གཡེང་སློབ་སྦྱོང་ཕྱོགས་ལ་ཧུར་བརྩོན་བྱོས།།
ཆ་ལུགས་དག་མ་སེམས་ནས་མ་འབོར་གངས་ཅན་པ་ཡི་རང་ཚུགས་ཟུངས།།
ཇ་ཆང་སྤྱོད་པ་དུག་བཞིན་འཛེམ་ལ་སློབ་མའི་ལས་ཀ་དུས་རྒྱུན་འབད།།
ཉལ་རྒྱུར་དགའ་བའི་གཤིས་ངན་དོར་ལ་ཤེས་བྱའི་གནས་ལ་མྱུར་དུ་འཇུག །
ཏེ་སེ་ལྟ་བུའི་ལྷག་བསམ་དཀར་པོས་རང་རིགས་མི་ལ་ཞབས་འདེགས་རེམ། །
ཐ་ཤལ་མི་ཡི་སྤྱོད་པ་བཟུང་ནས་སློབ་གྲྭར་འགྲིམ་པ་ངོ་ཚ་ཡིན།།
ད་ནས་བཟུང་སྟེ་སྦྱང་བྱའི་དོན་དུ་འབད་པ་ཆེན་པོས་སྡུག་རུས་བྱོས།།
ན་གཞོན་ཁྱོད་ཚོ་རེ་བ་ཆེ་བས་མ་འོངས་དོན་དུ་ནམ་ཡང་རེམ།།
པ་སངས་ལྟ་བུའི་ལྷག་བསམ་མེད་ཀྱང་སློབ་གྲོགས་བར་ལ་མཐུན་སྒྲིལ་བྱོས།།
ཕ་མའི་ཁ་ཏ་སེམས་ལ་སྒོམ་ཞོར་དགེ་རྒན་བཀའ་གསུང་ལེགས་པར་ཉོན།།
བ་གླང་བཞིན་དུ་གོ་བ་མེད་ན་གངས་རིའི་ལས་དོན་ཇི་ལྟར་བསྒྲུབ།།
མ་གོ་མ་རིག་མ་ཤེས་བསྡད་ན་ད་རེས་མི་ལུས་ཐོ་ཡོར་ཙམ།།
ཙ་ག་ཙིག་གེ་དཔེ་ཀློག་བྱེད་པ་ནེ་ཙོས་མ་ཎི་བཏོན་པ་འདྲ།།
ཚ་གྲང་དཀའ་བ་ཁྱད་དུ་བསད་ནས་བཅུ་ཕྲག་རིག་གཞུང་ཞིབ་ཏུ་སོམ།།
ཛ་ཡའི་བསྟན་ལ་ལག་རྗེས་མེད་ཀྱང་ཤེས་བྱའི་དཀའ་གནད་ངང་གིས་སེལ།།
ཝ་ཡེ་སློབ་མའི་ཚོགས་ཀྱིས་བདག་གི་སྙིང་གཏམ་དྲོན་མོ་ག་ལེ་གསོན།།
ཞ་བོ་བཞིན་དུ་འཁུམས་ནས་བསྡད་ན་ཚན་རིག་ལག་རྩལ་ཇི་ལྟར་བསླབ།།
ཟ་འདོད་ཆེ་བའི་རི་སྤྱང་ཇི་བཞིན་བཅུ་ཕྲག་རིག་གནས་ཟ་ཐུབ་ན།།
འ་ཅག་ལུས་འདི་ཧ་ཅང་བཟང་བའི་མཁས་པའི་གོ་འཕང་བདེ་ལེགས་ཐོབ།།
ཡ་རབས་སྤྱོད་བཟང་བྱ་སྤྱོད་སློབ་པ་དགེ་རྒན་ང་ཡི་རེ་བཅོལ་ཡིན།།
ར་སྐོར་གཅིག་ནས་ལོ་ངོ་དགུ་ལ་སློབ་སྦྱོང་ལས་ལ་འབད་འབད་ཀྱང་།།
ལ་རྒྱ་འཛིན་པའི་ལས་འགན་ཙམ་ཡང་བསྒྲུབ་དགོས་བསམ་པའི་རེ་མེད་ན།།
ཤ་ཚ་ཆེ་བའི་ཕ་མ་དག་གི་སློབ་ཡོན་བཀའ་དྲིན་འཇལ་ཐབས་དབེན།།
ས་སྟེང་སྐྱེ་བོ་ཡོད་ཚད་ཀུན་ལས་རང་ཉིད་རྡུགས་པའི་ལས་ཀྱང་བྱས།།
ཧ་ཅང་ནན་གྱིས་སློབ་སྦྱོང་དོན་ལ་འབད་བརྩོན་དྲག་པོ་བྱེད་ཐུབ་ན།།
ཨ་ཕ་ཨ་མའི་རེ་བའི་སེམས་པ་འབད་མེད་ལྷུན་གྱིས་འགྲུབ་པ་དང་།།
ན་ཆུང་དུས་ནས་སློབ་གྲྭ་འགྲིམ་པའི་རེ་བ་སྟོང་གི་དོན་གོ་ཡང་།།
དེ་ལས་ལྷག་པ་འགྲུབ་རྒྱུ་མི་འདུག་ང་ཡི་སྙིང་གི་སློབ་མ་ཚོ།།
༼ འཇམ་དབྱངས་ནོར་བུ། ༽