ཚིག་གི་གབ་རྒྱན་པད་མོ་འཛུམ་པ་ལས། །
རྒྱ་ཆེན་དོན་གྱི་སྙིང་ཏིག་ཟེའུ་འབྲུ་འབུས། །
རྒྱང་རིང་གཅེས་ལོ་ཐོས་དགའ་བུང་བ་ལ། །
ས་ལེ་སྦྲམ་གྱི་བཅུད་ཀྱིས་དགའ་བ་སྟེར། །
ཁྱོ་གས་ལྔ་ལམ་བཞུད་པའི་རྗེས་ཤུལ་དུ། །
གཉེན་ངན་སྡང་དགྲའི་རླུང་དམར་གཡོ་ན་ཡང་། །
ཞུམ་མེད་སེམས་ཀྱི་སྣང་གསལ་ཀོང་བུ་གང་། །
བྱང་ཁོག་སྟོད་ཀྱི་ཕུགས་སུ་ལྷམ་མེ་འབར། །
ཞེ་ངན་སྤྲིན་ནག་མཁའ་རུ་འཁྲིགས་དྲགས་པས། །
རིགས་ཀྱི་ཁྱེ་འུ་ས་མཐའི་ཡུལ་བརྫངས་ཏེ། །
མགོན་མེད་མ་སྨད་གསུམ་གྱི་སྟོང་པའི་དབྱིངས། །
སྡུག་བསྔལ་སྤྲིན་ཚོགས་རྒོད་པོ་གཏོར་དུ་བཅུག །
སྤྱན་ཟུང་གཡུ་སྦྲང་བཞིན་རས་པད་མོ་བརྒྱན། །
དུང་མདོག་སོ་དཀར་ཕྲེང་མཛེས་འཇོ་སྒེག་ཅན། །
ཡིད་འཕྲོག་ཟླ་ཞལ་མ་ཡི་ལང་ཚོ་རྣམས། །
རྫོགས་ལྡན་ལུས་ལ་འབྱོར་བའི་མྱང་ཚ་མ། །
ངག་རིགས་སྙན་ཚིག་ཕྲེང་བའི་མགུལ་དུ་བརྒྱན། །
ཤེས་ཡོན་སྲབ་འཇམ་དར་གོས་ལུས་ཕུང་བཀླུབས། །
མཚུངས་མེད་སྐྱེས་མ་ཀུན་གྱི་ཤེས་རབ་ནོར། །
གཅིག་བསྡུས་བོད་ཀྱི་མཛངས་མ་མྱང་ཚ་མ། །
༼ དབྱངས་ལྡེའུ། ༽
