དང་པོ། རྩོམ་པ་པོ་དང་བརྩམས་སྒྲུང་ངོ་སྤྲད་དེ་གླེང་སློང་བ།
རྩོམ་པ་པོ་ངོ་སྤྲོད།
ཚེ་རིང་དོན་གྲུབ་ནི1961ལོའི་ཟླ་བཅུ་བར་མཚོ་སྔོན་ཞིང་ཆེན་རྨ་ལྷོ་སོག་རྫོང་དུ་སྐྱེས།རང་ལོ་བདུན་ནས་བཅུ་གསུམ་བར་དུ་གནག་རྫི་བྱས།རང་ལོ་བཅུ་གསུམ་ནས་ཉེར་གཅིག་བར་སློབ་གྲྭར་འགྲིམ།བྱ་བར་ཞུགས་རྗེས་སློབ་འབྲིང་དགེ་རྒན་དང་ཁྲིམས་འཛིན་དྲུང་ཡིག། དེབ་ཐེར་སྒྲིག་འབྲི་སོགས་ཀྱི་ལས་ཀ་གཉེར་ཞོར་བོད་རྒྱ་ཡིག་རིགས་གཉིས་ཀྱི་ལམ་ནས་བརྩམས་སྒྲུང་སྤེལ།བརྩམས་ཆོས་གཙོ་བོ་སྒྲུང་ཐུང་པོད་གཉིས་དང་སྒྲུང་འབྲིང་པོད་གཅིག། སྒྲུང་རིང་པོད་བཞི་ཡོད། ཁོང་གི་སྔར་གྱི་སྒྲུང་རྩོམ《མེས་པོ》དང《ང་ཡི་ཨ་ཕ་གཉིས》སོགས་སུའང་སྐྱེ་ཁམས་ཁོར་ཡུག་ཉམས་དམས་སུ་འགྲོ་བཞིན་པའི་སྣང་ཚུལ་མང་བོ་ཞིབ་འབྲི་བྱས་འདུག།《ཝ་ནག་ལུང་བ》ལ་མཚོན་ནའང་ཁོང་གིས་སྐྱེ་ཁམས་ཁོར་ཡུག་ཉམས་འགྲོ་བའི་སྣང་ཚུལ་ལ་མ་བཟོད་པར་བྲིས་པ་ཞིག་ཡིན་པ་ང་ཚོས་བཀླགས་ཚར་མ་ཉིད་ནས་ངང་གི་རྟོགས་སྲིད།
བརྩམས་སྒྲུང་ངོ་སྤྲད་དེ་གླེང་སློང་བ།
《ཝ་ནག་ལུང་བ》ཞེས་པའི་བརྩམས་སྒྲུང་འདི་དང་ཐོག་རྩོམ་པ་པོས་སྒྲུང་ཐུང་དུ་འདོད་དེ་བྲིས་པ་ཞིག་ཡིན་ནའང་ཕྱིས་སུ་སྦྲང་ཆར་རྩོམ་སྒྲིག་པས་སྒྲུང་འབྲིང་དུ་བགྲངས་ནས2013ལོའི《སྦྲང་ཆར》དེབ་གཉིས་པའི་སྟེང་དུ་སྤེལ་བར་རྩོམ་པ་པོ་རང་ཉིད་ཀྱིས་བཤད་ཅིང་། བརྩམས་སྒྲུང་འདིའི་ནང་གི་མི་སྣ་གཙོ་བོ་སངས་རྒྱས་དང་། གླུ་སྒྲོན། སྤོ་བོ་འཇམ་དབྱངས་སོགས་ཀྱི་གཤིས་ཀ་དང་སེམས་ཁམས་སྐོར་བྲིས་པ་ཧ་ཅང་རན་པ་ཞིག་ཡིན་མོད། ཁོང་གི་བརྩམས་སྒྲུང《 ར་ལོ 》ལྟ་བུ་ཞིབ་འབྲི་བྱས་མེད། དེ་ནི་སྐབས་དེའི་བརྩམས་སྒྲུང་གང་དེའི་དམིགས་ཡུལ་དང་འབབ་ས་ནི་སྐྱེ་ཁམས་ཁོར་ཡུག་གི་གནད་དོན་གཙོ་བོར་བཟུང་ཡོད་པས་ཡིན་པ་འདྲ། བརྩམས་སྒྲུང་འདིའི་ཡུལ་ལྗོངས་ཞིབ་འབྲི་ཧ་ཅང་འཚམས་ལ།"སྐྱེ་དངོས་རིག་པའི་ཁྱུ་མཆོག་ཏུ་རློམ་པ་དག་གིས་ཀྱང་ངོས་ཟིན་དཀའ་སྙམ་པའི་མེ་ཏོག་གི་རིགས་སྣ་ཚོགས་བཞད"ཅེས་པའི་ཝ་ནག་ལུང་བ་ནི་རྩྭ་ཆུ་འཛོམ་པ་ཙམ་གྱིས་མི་ཚད་པར་བགྲང་མི་ཚར་བའི་སྐྱེ་དངོས་སྣ་ཚོགས་སྐྱེས་ཡོད་པའི་ལུང་བ་ཞིག་ཡིན་པ་ཞིབ་འབྲི་བྱས་ཡོད། ད་དུང་གླིང་སྒྲུང་ནང་གི"རྩྭ་ར་པདྨ་སྟོང་ལྡན"གྱིས་དཔེར་བཀོད་པ་དེས་ཀྱང་བོད་མིའི་རིག་གནས་གོང་ཐང་གི་ངོས་ནས་མཛེས་སྡུག་གི་རྩྭ་ཐང་ཡིད་དུ་འོང་བ་ཞིག་འཆར་དུ་འཇུག་ངེས། སྤྱིར་བརྩམས་ཆོས་གཅིག་ལ་མཐོང་སྣེ་མི་འདྲ་བ་སོ་སོ་ནས་བལྟས་པ་ཡིན་ན་མཐོང་སྣང་ཡང་མི་འདྲ་བ་མང་དུ་སྐྱེས་ཆོག་པ་ནི་བརྩམས་ཆོས་ཡང་དག་པ་སྤྱི་ལ་མངའ་བའི་ཁྱད་ཆོས་ཤིག་ཡིན། དེའི་ཕྱིར་འདིར་ཐོག་མའི་ཝ་ནག་ལུང་བའི་རང་བྱུང་ཁམས་དང་སངས་རྒྱས་ཚང་གནས་སྤར་དགོས་པའི་རྒྱུ་རྐྱེན། སངས་རྒྱས་ཚང་གནས་སྤོར་དུས་ཀྱི་རྣམ་པ། སངས་རྒྱས་ཚང་གནས་སྤར་རྗེས་ཀྱི་འཚོ་བའི་རིམ་འགྱུར། ཐ་མ་ཝ་ནག་ལུང་བའི་རང་བྱུང་ཁམས་ཏེ་དོན་ཚན་ལྔའི་སྒོ་ནས་ཝ་ནག་ལུང་བ་ལས་རྙེད་པའི་རང་བྱུང་ཁོར་ཡུག་ཉམས་ཞན་དང་མི་རིགས་འབྲོག་ལས་རིག་གནས་ཀྱི་ཉམས་རྒུད་དམ་འགྱུར་རླབས་དེ་ཉིད་བརྩམས་སྒྲུང་གྲགས་ཅན《ཝ་ནག་ལུང་བ》ལས་འཕྲོས་ཏེ་མཐོང་སྣེ་གཅིག་གི་སྒེའུ་ཁུང་བརྒྱུད་ནས་རང་བློས་དཔྱོད་ཚད་ཅིག་རགས་ཙམ་གླེང་བར་སྤྲོ།
གཉིས་པ། ཐོག་མའི་ཝ་ནག་ལུང་བའི་རང་བྱུང་ཁམས།
འདིར་ཐོག་མ་ཞེས་པ་ནི་བརྩམས་སྒྲུང་འདིའི་དབུའམ་ཐོག་མར་ཝ་ནག་ལུང་བ་བཞེངས་བསྐྲུན་བྱས་པའི་བརྩམས་སྒྲུང་ཁྲོད་ཀྱི་ཝ་ནག་ལུང་བ་ལ་གོ་ཞིང་། ཐོག་མའི་ཝ་ནག་ལུང་བ་ནི་རང་བྱུང་རི་ཆུའི་མཛེས་པ་ཕུན་སུམ་ཚོགས་ཤིང་མཁའ་དབུགས་གཙང་ལ་གཏེར་ཁས་གང་ཞིང་མདོ་རིགས་རྟ་ཕོའི་འཚེར་སྐད། གཡང་དཀར་ལུག་གི་འབའ་སྒྲ། ཐང་དཀར་འབྲི་མོའི་ངུར་སྐད་ཀྱིས་རི་ལུང་ཁྱབ་ཅིང་། སྟེང་ལྷ་ཡུལ་ལ་འཕྱ་བའི་ཁོར་ཡུག་རྨད་དུ་བྱུང་བ་ཞིག་ཡིན་པ་ནི། བརྩམས་སྒྲུང་གི་ཐོག་མའི་དབུ་འཛིན་དུས་ཀྱི་སྐད་ཆ་སྟེ"རྩེ་གཞུང་རྫོང་མཁར་དང་སྤྱི་ལེ་དྲུག་ཅུ་ཙམ་གྱི་བྱང་ཕྱོགས་ན། ཉག་ག་ཞིག་ཡོད། ཉག་ག་དེ་ནས་ཕར་བལྟས་ན་ཁ་བྱང་ཕྱོགས་སུ་འཁོར་བའི་ལུང་བ་ཞིག་ཡོད་པ་དེར་རྩྭ་སྣ་མང་ཞིང་རྩྭ་རྫོང་མཐུག་པ། ལུང་རྐེད་དེ་རུ་ག་ས་ག་ནས་ཆུ་མིག་མང་བོ་བརྡོལ་ཅིང་ཕན་ཚུན་འདྲེས་ཏེ་ཆུ་ཕྲན་དྭངས་མོ་ཞིག་ལུང་དཀྱིལ་བརྒྱུད་ནས་བཞུར་བཞིན་ཡོད། སྤྱི་ཟླ་བདུན་པ་དང་བརྒྱད་པའི་དུས་སུ་ལུང་བའི་མགོ་སྟོད་དུ་སྨག་ཤད་དང་། སྤེན་དཀར། སྤེན་ནག སུ་རུ་སོགས་ཚང་ཚིང་སྡོང་ཕྲན་གྱི་མགོ་ལ་མེ་ཏོག་སྣ་ཚོགས་བཞད་པ་དང་། སྒང་རྒྱུད་དུ་སྤྲ་དང་རེ་ལྕག་སྐྱེ་བ། སྟོན་དུས་སུ་སྤང་རྒྱན་བཞད་པ། ལུང་དཀྱིལ་གྱི་ཆུ་ཕྲན་དེའི་འགྲམ་གཉིས་སུ་བོང་སེར་དང་ལུག་རུ་སེར་པོ།མ་ནིང་གླང་སྣ། སྔོ་ཁྱུང་སྡེར་སྨུག་པོ་སོགས་བཞད་པ། ལུང་མཐིལ་གྱི་བདེ་ཐང་སྤང་གཞོང་དུ་རི་ཤོ་དང་རམ་བུ། རྟ་ལྤགས་པ།སྔོ་ཁྱུང་སྡེར་དཀར་པོ། ཀྱི་ལྕེ་དཀར་ནག། ལུག་མིག་དཀར་སྔོ།ཁུར་མོང་། མཁན་དཀར། གྲོ་མ། གཞན་ཡང་སྐྱེ་དངོས་རིག་པའི་ཁྱུ་མཆོག་ཏུ་རློམ་པ་དག་གིས་ཀྱང་ངོས་ཟིན་དཀའ་སྙམ་པའི་མེ་ཏོག་རིགས་སྣ་ཚོགས་བཞད་དེ། ཉིན་འགའ་རེར་ས་གཞིའི་ཁ་དོག་རེ་བརྗེས་ཤིང་དྲི་ངད་མི་འདྲ་བ་རེས་ཁྱབ་ཀྱིན་འདུག་པས་ན། 《གླིང་སྒྲུང》དུ་བརྗོད་པའི"རྩྭ་ར་པདྨ་སྟོང་ལྡན"ཟེར་བ་འདི་ལོས་ཡིན་སྙམ་པར་བྱེད། དེའི་སྟེང་དུ་འབྲོག་ཁྱིམ་ཞིག་ཡོད་པ་དེས་རྟ་ནོར་ལུག་གསུམ་ལྔ་བརྒྱ་དྲུག་བརྒྱ་ཙམ་གྱིས་མཚམས་རེར་འཚེར་སྐད་དང་ངུར་སྐད། འབའ་སྐད་རེ་སྒྲོག་ཞོར་དལ་ལྷོད་བག་ཕེབས་སུ་གནས་པའི་རྣམ་པ་འདི་མཐོང་ཚེ།རང་དབང་མེད་པར"མཛེས་ཤིང་སྡུག་ལ་འབྱོར་ཕྱུག་ལྡན་པའི་རྩྭ་ཐང"ཞེས་པའི་ཚིག་དེ་དྲན་པར་བྱེད། ལུང་བ་འདི་ལ་ཅུང་ཁྱད་པར་ཅན་གྱི་ས་མིང་ཞིག་ཡོད་དེ། "ཝ་ནག་ལུང་བ"ཟེར། རྒྱུ་མཚན་ནི་ལུང་བ་འདིའི་ནང་གི་ཝ་མོ་ཚང་མ་ནག་པོ་ཡིན་པར་མ་ཟད། འཕྱི་བ་རྣམས་ཀྱང་ནག་པོ་འདུག"ཅེས་པ་དག་ལས་བདེ་བླག་ངང་རྟོགས་ཐུབ་པ་ཡིན།
གསུམ་པ། སངས་རྒྱས་ཚང་གནས་སྤར་དགོས་པའི་རྒྱུ་རྐྱེན།
འདི་ལ་ཕྱི་རྐྱེན་དང་ནང་རྐྱེན་གཉིས་ཡོད་ལ་དེ་ལས་ཐོག་མར་གླེང་དགོས་པའི་ཕྱི་རྐྱེན་ནི་གོང་རིམ་གྱིས་རྩ་འཛུགས་བྱས་པའི"སྐྱེ་ཁམས་སྲུང་སྐྱོང"དང་འབངས་ཀྱི་གནས་སྤོར་བྱ་བའི་སྲིད་ཇུས་རེད། བརྩམས་སྒྲུང་འདིའི་ནང་སྡེ་བའི་ཁྱིམ་ཚང་ཕལ་ཆེ་བ་རྫོང་མཁར་དུ་གནས་སྤོར་ཐུབ་པའི་ཆ་རྐྱེན་གཙོ་བོ་ཞིག་ནི་སྲིད་གཞུང་གིས"སྐྱེ་ཁམས་སྤོས་འབངས"ལ་གཞིས་ཁུལ་གསར་བ་མང་བོ་འཛུགས་བསྐྲུན་བྱས་ཏེ་འཚོ་བའི་ཐོག་མའི་ཆ་རྐྱེན་བསྐྲུན་པ་ལྟ་བུ་རེད། ད་དུང་བཤད་དགོས་པའི་ཕྱི་རྐྱེན་ཞིག་ཡོད་པ་ནི་འཚོ་བའི་ཁོར་ཡུག་གི་ཤུགས་རྐྱེན་དང་གནོན་ཤུགས་རེད། སངས་རྒྱས་ཚང་ནི་སྲོལ་རྒྱུན་གྱི་རྨང་མཐུག་པའི་ཁྱིམ་ཚང་ཞིག་ཡིན་མོད་ཁོར་ཡུག་གི་འགྱུར་ལྡོག་དང་ཕྱི་རོལ་བསླུ་བྲིད་ཀྱིས་ཁོ་ཚོའི་སེམས་ལ་གཡོ་འགུལ་བཟོས་པ་རེད།དེ་ནི་ཀླུ་སྒྲོན་གྱི་སྐད་ཆ་ལས་ཀྱང་ཅུང་ཟད་གོ་ཐུབ་པ་འདྲ།"སྡེ་དཔོན་གྱིས་རླངས་འཁོར་ཆུང་ཆུང་ཞིག་ཉོས་པ་རུ་ཡོང་ཚང་གིས་ལུག་ལྔ་བཅུ་བཙོངས་པའི་རིན་གྱི་སྒོར་མོ་ཚང་མ་རྫུན་མ་ཡིན་པ།"འདི་ནི་ཀླུ་སྒྲོན་གྱིས་སངས་རྒྱས་ལ་བཤད་པའི་སྐད་ཆའི་ནང་དོན་རེད། འདི་ལས་འུ་ཚོས་མཐོང་ཐུབ་པ་ནི་ཁོར་ཡུག་གི་འགྱུར་ལྡོག་དང་དེས་བསྐྱེད་པའི་མིའི་སེམས་ཀྱི་གཡོ་འགུལ་གྱི་ཟུར་ཞིག་རེད། ད་དུང་སངས་རྒྱས་ཚང་མ་གཏོགས་ཁྱིམ་ཚང་གཞན་མང་ཆེ་བ་རྫོང་མཁར་དུ་སྤར་ཟིན་པས་ཤུལ་དུ་བསྡད་ན་ལོ་སར་ལ་ཡོང་མཁན་ཡང་མེད་པ་སོགས་ཀྱི་གནས་ཚུལ་འོག་སངས་རྒྱས་ཚང་མི་འདོད་བཞིན་དུ་འགྲོ་དགོས་བྱུང་བ་རེད། འདི་ནི་ཁོར་ཡུག་གི་བཙིར་གནོན་ཡིན་པ་འདྲ། ནང་རྐྱེན་ནི་ཐོག་མར་སངས་རྒྱས་དང་འཇམ་དབྱངས་སུ་ཡིན་ཡང"སྐྱེ་ཁམས་སྤོས་འབངས"དང"ཕྱུགས་སྐྱུར་རྩྭ་སྐྱོང"ཞེས་པའི་སྤྱི་ཚོགས་དང་རིག་གནས་སྣང་ཚུལ་ལ་ངེས་ཤེས་དང་ཤེས་རྟོགས་ཡེ་ནས་མེད་པ་ཡིན་ཏེ། ཁོ་ཚོས་རྫོང་མཁར་ནས་འཚོ་བ་རོལ་རྒྱུ་ནི་ཧ་ཅང་དཀའ་ཚེགས་ཆེ་བའི་དོན་དག་ཅིག་ཡིན་པ་ཡིད་ལའང་འཆར་གྱི་མེད་ལ། གལ་སྲིད་ཡིད་ལ་ཤར་ཡང་དཀའ་ཁག་ལ་གདོང་གཏད་རྒྱུའི་ཆོད་སེམས་མེད་པར་ཕྱིར་རྩྭ་ཐང་དུ་ལོག་རྒྱུའི་འཆར་གཞི་བཟོས་འདུག།དེ་མིན་སངས་རྒྱས་ཚང་གནས་སྤར་དགོས་པའི་རྒྱུ་རྐྱེན་གཞན་ཞིག་ནི་བུ་མོ་ལྷ་རིས་སྐྱིད་སློབ་གྲྭར་བསྐྱལ་ཆེད་ཡིན་པ་རེད།
བཞི་པ། སངས་རྒྱས་ཚང་གནས་སྤར་རྗེས་ཀྱི་འཚོ་བའི་རིམ་འགྱུར།
ནང་གི་བསམ་བློའི་འགྱུར་བ།
འཇམ་དབྱངས་ལ་སེམས་འགུལ་ཆེན་པོ་ཐེབས་ཏེ་མིག་མཐར་མཆི་མ་འཁོར་བཞིན་ངུ་ངག་གིས་གོང་མ་ཚང་གི་དྲིན་འདི་གང་ལ་འཇོག་འབྲོང་རིན་པོ་ཆེ་ཚང་གི་ནང་ཆེན་ཡང་འདི་ལས་ལྷག་པ་ཅི་ཡང་མེད། འདི་འདྲ་འུ་ཚོའི་བསོད་ནམས་ཀྱིས་ཐེག་གམ་ཞེས་ཟེར་ནས་ཁང་བ་རེ་རེའི་ནང་ལ་ལྟ་སྐོར་བྱེད་བཞིན་འདུག་པ་དང་། ལོ་གསར་ལ་ཉེ་སྐབས་གོང་རིམ་གྱིས་འཚམས་འདྲིའི་ལེགས་སྐྱེས་བསྐྱལ་ནས་ཡོང་བས་སངས་རྒྱས་ཚང་གི་བཟའ་མི་གང་བོ་སེམས་འགུལ་ཆེན་པོ་ཐེབས་འདུག་པ་དང་། ལྷག་པར་དུ་འཇམ་དབྱངས་ཁྱོ་ཤུག་གཉིས་ཀས་མིག་ཆུ་འདོན་བཞིན"གོང་མ་ཚང་དྲིན་ཆེན་པོ། རྒྱལ་ཁབ་དྲིན་ཆེན་པོ། ལས་ཀ་ཅི་ཡང་མ་ལས་པར་འདི་འདྲའི་སྒོར་མོ་དང་དངོས་རྫས་མང་བོ་སྟེར་བ་འདི་རྨི་ལམ་མིན་ནམ། ཟེར་བ་སོགས་ལས་འཇམ་དབྱངས་ཁྱོ་ཤུག་གཉིས་ཀའི་སེམས་ལའང་རྫོང་མཁར་ནས་ལས་ཀ་ཅི་ཡང་མ་ལས་ཀྱང་བརྐོ་མི་དགོས་བའི་གྲོ་མ་རྟ་འདྲ་བ་ཞིག་རང་ལ་འཐོབ་རྒྱུ་ཡོད་པར་བསམས་ཡོད།
འཚོ་བ་རོལ་སྟངས་ཀྱི་འགྱུར་བ།
སངས་རྒྱས་ཚང་གི་སྔོན་ཆད་ཀྱི་འཚོ་བ་རོལ་སྟངས་ནི་འབྲོག་རུའི་འཚོ་བ་ཡིན་ལ།ཁྱིམ་ཚང་གི་འཚོ་བའི་རྟེན་ས་གཙོ་བོ་ཕྱུགས་ཟོག་རེད། རྫོང་མཁར་དུ་གནས་སྤར་རྗེས་གྲོང་ཁྱེར་གྱི་འཚོ་བ་རོལ་དགོས་པ་རེད།དེའི་བརྟེན་ས་གཙོ་བོ་མི་རང་ཉིད་ཀྱི་ངལ་རྩོལ་ཡིན་དགོས་པ་རེད། འབྲོག་ལས་བྱེད་སྐབས་ཁ་ཟས་གཙོ་བོ་ཤ་མར་འོ་ཞོ་སོགས་ནོར་ལུག་ལས་ཐོན་པ་དག་ཡིན་ལ་ལུས་ལ་གོན་རྒྱུའང་སློག་པ་དང་ཚར་རུ། ཚར་ཞྭ་དང་ཀོ་ལྷམ་སོགས་ཕྱུགས་ལས་ཐོན་པ་ཤ་སྟག་ཡིན། སྒོ་ཕྱིའི་ལས་ཀ་གཙོ་བོ་ནི་རྟ་ནོར་ལུག་གསུམ་འཚོ་སྐྱོང་བྱ་རྒྱུ་དང་ནང་ཁྱིམ་གྱི་ལས་ཀ་ནི་ཟ་འཐུང་དང་ཁ་བརྡ་སོགས་གཙོར་བྱས་པའི་བབ་ཆགས་ཀྱི་འཚོ་སྟངས་འབའ་ཞིག་རེད། ཡིན་ནའང་། སངས་རྒྱས་ཚང་རྫོང་ཐོག་ཏུ་གནས་སྤར་རྗེས་གནས་སྟངས་དེར་འགྱུར་བ་ཆེན་པོ་ཞིག་བྱུང་ཡོད་དེ།"བདེ་སྐྱིད་སྐྱེ་ཁམས་སྤོས་འབངས་སྡེ་བ"རུ་འཚོ་བ་རོལ་དགོས་ན་ཐོག་མར་ཤེས་དགོས་པ་ནི་རང་ཁྱིམ་གྱི་སྡོད་གནས་ཤེས་དགོས་པ་རེད། དཔེར་ན་རྫོང་མཁར་གྱི་ལམ་གང་དང་གཞིས་ཁུལ་གང་གི་ཐོག་ཁང་དུ་བ་དང་རྩེག་རིམ་དུ་བའི་སྒོ་རྟགས་དུ་ཡིན་པ་གསལ་བོར་ཡིད་ལ་ངེས་དགོས་པ་རེད། གལ་ཏེ་དེ་ལྟར་ཡིད་ལ་ངེས་མ་ཐུབ་ཚེ་སྒོའི་ཕྱི་ལ་འཁྱམ་དུ་འགྲོ་རྒྱུ་ཡང་གནད་དོན་ཞིག་ཏུ་འགྱུར་བ་རེད། ཡི་གེ་ཤེས་མཁན་ཞིག་ལ་མཚོན་ན་རང་ཁྱིམ་གྱི་སྡོད་གནས་ཙམ་ཡིད་ལ་འཛིན་རྒྱུ་ནི་དོན་དག་ཏུ་མི་སྣང་མོད།ཨང་ཀི་དང་ཡི་གེ་གཅིག་ཀྱང་མི་ཤེས་པའི་འབྲོག་མི་ཕལ་བ་ཞིག་ལ་མཚོན་ན་དེ་ནི་ལས་སླ་བོ་གཏན་ནས་མིན།"ཁོ་ཕྱིར་བདེ་སྐྱིད་སྐྱེ་ཁམས་སྤོས་འབངས་སྡེ་བ'རུ་ལྡོག་ཤེས་མིན་ཧ་ཅང་བཤད་དཀའ་ལ། གལ་ཏེ་ཕྱིར་ལྡོག་ཤེས་ནའང་གནམ་ཡིག་དང་འདྲ་བའི་ཁོ་ཚང་གི་སྒོ་རྟགས་ཨང་གྲངས་དེ་གཏན་ནས་ཡིད་ལ་ངེས་མི་སྲིད་པས་ཁོ་དེ་མ་ཐག་དཔའ་ཞུམ་པར་གྱུར་ཅིང་། དུས་མཚུངས་སུ་རང་ཉིད་ནམ་ཡང་ཕྱི་རོལ་ཏུ་འགྲོ་བའི་སྐལ་བ་མེད་པས།གནས་དེ་རུ་བཙོན་ལ་བཅུག་པ་འདྲ་བའི་ཚོར་སྣང་དྲག་པོ་ཞིག་སྐྱེས་ཡོང་། ཁོ་ཐབས་ཟད་དེ་ཉིན་ལྟར་གྲལ་ཤར་གཅིག་གིས་གཅིག་གི་མདུན་བཀག་སྟེ་རྒྱང་མི་མཐོང་བའི་ཁང་བའི་སྒོ་ཁར་བསྡད་དེ།ཐེངས་གཅིག་ལ་ཁྱི་རྒན་བཏགས་མྱོང་བའི་ར་སྐོར་གྱི་གྲུ་ཟུར་དེར་ཅེར་འདུག་ཅིང་། མིག་ལམ་དུ་ཝ་ནག་ལུང་བ་ཤར།རྣ་ལམ་དུ་སྒོ་ཁྱིའི་ཟུག་སྐད་གྲགས།སྐད་ཆ་ཉིན་རེ་ནས་ཉིན་རེར་ཇེ་ཉུང་དུ་སོང་"བ་འདིས་སངས་རྒྱས་ཚང་གི་སྔོན་ཆད་ཀྱི་གར་འགྲོ་གར་འདུག་རང་དབང་གི་འཚོ་བར་གཏོར་བཤིག་ཆེན་པོ་བཏང་ཡོད་པ་མཚོན། སྔོན་ཆད་འབྲོག་ན་ཡོད་དུས་ཤ་མར་དང་ཨོང་བ་སོགས་རྒྱུན་མཁོའི་དངོས་རྫས་ཕལ་ཆེ་བ་རང་གི་ལག་ན་ཡོད་པས་གཞན་ལ་སྒོར་མོ་སྟེར་དགོས་དོན་མེད། འབྲོག་ཁྱིམ་ཕལ་བ་ཞིག་ཡིན་ཡང་རང་ཚང་གི་ལྟོ་རྒྱབ་ལ་ཕལ་ཆེར་འདང་བརྒྱག་མི་དགོས་ཞེས་བཤད་ཆོག། འོན་ཀྱང་རྫོང་མཁར་དུ་སྡོད་ཁང་ཇི་འདྲ་བརྗིད་པ་དང་རླངས་འཁོར་ཇི་འདྲ་བཟང་ཡང་དེ་ནི་ཕྱི་ཡི་རྣམ་པ་ཙམ་ལས་དོན་དངོས་སུ་ལྟོ་རྒྱབ་ཀྱི་གནད་དོན་ཐག་གཅོད་བྱེད་མི་ཐུབ་མཁན་ཡང་ཧ་ཅང་མང་། གྲོང་ཁྱེར་ནས་རང་གི་ལག་པ་གཉིས་དང་ཀླད་པར་བརྟེན་ནས་ངལ་རྩོལ་བྱས་ཏེ་འཚོ་བའི་ཡོང་ཁུངས་འཚོལ་དགོས་པས་རང་ཉིད་གཅིག་པུ་ལས་རྟེན་ས་གཞན་ཅི་ཡང་མེད། འདི་ནི་འབྲོག་རུ་དང་གྲོང་ཁྱེར་གྱི་འཚོ་བའི་ཁྱད་པར་གཙོ་བོ་ཞིག་རེད།
ཡུལ་སྲོལ་གོམས་གཤིས་ཀྱི་འགྱུར་བ།
སྒྲུང་རྩོམ་འདིའི་ནང་དུ་སངས་རྒྱས་ཚང་ཝ་ནག་ལུང་བའི་ཉག་ཁར་བུད་ནས་རྫོང་མཁར་དུ་འགྲོ་སྐབས་སངས་རྒྱས་ཀྱིས་རུམ་ནས་རླུང་རྟ་བླངས་ཏེ་གནམ་ལ་གཏོར་ནས་ལྷ་རྒྱལ་འཐེན་ཡང་ཁོའི་ཀི་སྒྲ་ལག་སྐྱོར་འཁོར་ལོའི་འཛེར་སྒྲས་མནན་སོང་བ་དེ་ནི་མཚོན་དོན་ཡོད་པའི་དོན་དག་ཞིག་ཡིན་པ་འདྲ། དེས་གཞུག་ཕྱོགས་ཀྱི་ཁྱིམ་ཚང་འདིའི་བདེ་སྡུག་གི་ལས་དབང་མངོན་པར་མཚོན་ཐུབ་སྙམ། སངས་རྒྱས་ཚང་ལ་མཚོན་ན་རྟ་སྒ་ནི་སྲོལ་རྒྱུན་རིག་གནས་ཀྱི་མཚོན་རྟགས་ཐུན་མིན་ཞིག་རེད།འབྲོག་རུའི་རིག་གནས་སུ་རང་གི་སྒ་སྲབ་བཙོང་བ་ནི་རྟེན་འབྲེལ་མི་ལེགས་པ་ཞིག་ལ་བརྩི་བ་རེད། འདུ་ཤེས་ཀྱི་སྟེང་ནས་ཀྱང་དང་ལེན་བྱེད་དཀའ་བ་ཞིག་ཡིན་པ་རེད། རྟ་དང་སྒ་སྲབ་ནི་འབྲོག་པའི་གསར་བུ་ཞིག་ལ་མཚོན་ན་མེད་དུ་མི་རུང་བའི་མཚོན་སྲུང་ལྟ་བུ་རེད།
ལྔ་པ། ཐ་མའི་ཝ་ནག་ལུང་བའི་རང་བྱུང་ཁམས།
ཝ་ནག་ལུང་བའི་ཐ་མའི་རང་བྱུང་ཁམས་ནི་སངས་རྒྱས་ཚང་རྫོང་མཁར་ནས་གཞི་ཚུགས་མ་ཐུབ་པར་ཕྱིར་ཝ་ནག་ལུང་བར་ལོག་ནས་ཉག་གར་བསླེབས་རྗེས་སངས་རྒྱས་དང་ཀླུ་སྒྲོན་སོགས་ཀྱི་མཐོང་སྣེ་སྤྱད་དེ་དེ་བརྩམས་སྒྲུང་དུ་འདི་ལྟར་གསལ་ཏེ།ཏག་ཏག་སྐབས་འདིར་ཁོ་ཚོ་ལྷ་རིས་སྐྱིད་ཤ་ཉོག་རུས་ཉོག་ཏུ་བཏང་བའི་དུས་ལས་ཀྱང་ཧ་ལས་ཤིང་ཧོན་ཐོར་སོང་། རྒྱུ་མཚན་ནི་ཝ་ནག་ལུང་བ་ཡོངས་རྫོགས་ས་རྐོ་རྡོ་སློག་བྱས་ཏེ་ནག་རོག་གེར་འདུག་ལ། ག་ས་གང་དུ་རྐོ་འཁོར་དང་ལྡུག་འཁོར། འདྲེན་འཁོར། འདྲུད་འཁོར་རྣམས་གྲོག་ཚང་བརྡོལ་བ་ཇི་བཞིན་ཟང་ཟིང་ལང་ལོང་བྱེད་པ་དང་། ལྡིར་སྒྲ་སྣ་ཚོགས་འབྲུག་སྟོང་དུས་གཅིག་ཏུ་གྲགས་པ་བཞིན་འདུག་པས་རེད།
སངས་རྒྱས་ཚང་ཝ་ནག་ལུང་བ་ནས་རྩེ་གཞུང་རྫོང་ཐོག་ཏུ་གནས་སྤར་ཏེ་དང་ཐོག་འཚོ་བ་གསར་བར་མཚར་སྣང་དང་ཡིད་འགུལ་ཐེབས་ཤིང་། མཐའ་མཇུག་འཚོ་བའི་དཀའ་ཁེགས་དང་འུ་ཐུག་ཐབས་ཟད་ཀྱིས་ཕྱིར་ཝ་ནག་ལུང་བར་ལོག་པ་དང་།ཕྱིར་ལོག་རྗེས་ཡང་ཝ་ནག་ལུང་བར་ས་སློག་རྡོ་སློག་བྱས་ནས་སྔོན་ཆད་སྐྱེ་དངོས་རིག་པའི་ཁྱུ་མཆོག་ཏུ་རློམ་པ་དག་གིས་ངོས་ཟིན་ཡང་དཀའ་བའི་མེ་ཏོག་སྣ་ཚོགས་དང་། རྩྭ་ར་པདྨ་སྟོང་ལྡན་དུ་འབོད་ཆོག་པའི་ལྗང་མདོག་གི་མཛེས་སྡུག་སོགས་ཀྱང་མཐོང་རྒྱུ་མེད་པར། སངས་རྒྱས་དང་གླུ་སྒྲོན་སོགས་ཀྱི་མིག་མདུན་དུ་མཐོང་བའི་ཝ་ནག་ལུང་བ་ནི་ཆེ་ཆུང་དང་དབྱིབས་གཟུགས་མི་སྙོམ་པའི་ས་རྐོ་བྱེད་ཀྱི་འཕྲུལ་ཆས་སྣ་ཚོགས་ཀྱིས་གང་ཡོད་པ་དེ་རེད།
དྲུག་པ། མཇུག་བསྡུ་བ།
བརྩམས་སྒྲུང་འདི་བཀླགས་ནས་འཇུག་རྫོགས་རྗེས་འཚོ་བའི་སྐྱོ་གར་འདིའི་རྒྱུ་དང་རྐྱེན་ནམ་གནད་དོན་དེར་ངང་ངམ་ཤུགས་ཀྱིས་འདང་ཞིག་བརྒྱག་དགོས་པ་འདྲ། དེ་ནི་ཀློག་པ་པོར་ཕྱེས་པའི་བསམ་གཞིག་གི་བར་སྟོང་རེད། བོད་ཀྱི་བརྩམས་སྒྲུང་མང་ཆེ་བར་གཏམ་རྒྱུད་ཀྱི་ཆ་ཤུགས་ཆེར་ལྡན་པས། ཀློག་པ་པོར་བསམ་གཞིག་དང་བློ་འབྱེད་ཀྱི་ཆ་ཤིན་ཏུ་ཉུང་ལ། བརྩམས་སྒྲུང་ཧྲིལ་པོའི་སྒྲིག་གཞི་ཚགས་དམ་པ་ནི་ཚེ་རིང་དོན་གྲུབ་ཀྱི་བརྩམས་སྒྲུང་ཡོངས་ལ་མངའ་བའི་འབུར་ཐོན་གྱི་ཁྱད་ཆོས་ཤིག་རེད། དེར་མ་ཟད་སྐད་ཆའི་སྒྱུ་རྩལ་གྱི་མཛེས་པ་སྟེ། ཁོང་གིས་བྲིས་པའི་བརྩམས་སྒྲུང་གང་ཞིག་ཡིན་ཀྱང་ཚིག་ཁ་ཤས་འཕྲི་སྣོན་བྱེད་ཚེ་བརྩམས་ཆོས་དེ་ཆ་མི་ཚང་བ་ལྟ་བུར་གྱུར་འགྲོ། དེ་ནི་ཁོང་གི་ཤེས་རབ་ཀྱིས་སྲེག་བརྡར་ལས་ཐོན་པའི་བརྩམས་ཆོས་གང་དེའི་རང་ཚུགས་ཀྱི་སྒྲིག་གཞི་རེད། མཇུག་ཏུ་དམིགས་ཀྱིས་བརྗོད་འདོད་ཅིང་ཞུ་དགོས་པ་ཞིག་ལ། འདི་ནི་ཀློག་པ་པོ་མི་སྒེར་བ་ཞིག་གིས་བརྩམས་སྒྲུང་《ཝ་ནག་ལུང་བ་》བཀླགས་པའི་མཐོང་སྣེ་ཆིག་རྐྱང་བ་ཞིག་ལས་རྙེད་པའི་ཡོང་འབབ་ཙམ་ཡིན་པ་ལས་བརྩམས་སྒྲུང་གི་བསྟན་དོན་ནི་འདི་དང་ག་རེད་ཅེས་སྡོམ་ཚིག་བཀོད་པའི་སྤོབས་པ་ནི་རྡུལ་ཕྲན་ཙམ་ཡང་མེད་ཅེས་པའོ།།
བྲག་འགོ་རྫོང་ལི་སྨད་ཤེས་རབ་སློབ་ཆུང་གི་འཆི་མེད་སྒྲོལ་མས་བྲིས།
炉霍县下罗科马乡小学 七麦志玛
