国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






སེམས་ཀྱི་ཕྱི་ནང་།

ཁྱོད་རང་ཁ་བ་དཀར་པོའི་ཟོལ་དུ་བཞུགས་དང་། །

ང་རང་མེ་ཏོག་པད་མའི་ཚུལ་གྱིས་འཁོར་ཡོང་། །

སེམས་དང་བསམ་པ་འདྲིས་པའི་ཡུལ་གྲུ་དེ་ནས། །

འཁོར་བའི་རྐང་ལམ་ཕྲ་མོར་མཉམ་དུ་བསྐྱོད་ཆོག །

ཆགས་སྡང་འཁོར་བའི་ལས་ལ་སྤྲོ་སྣང་མི་འདུག །

སྐབས་རེར་འདུས་བྱས་སྒོམ་པའི་བྱང་སེམས་ལོས་ཡིན། །

ཁྱོད་རང་ས་མཐར་འགྲིམས་པའི་ཉི་མ་འདི་གར། །

ང་ཡི་འགྲོ་ལམ་མི་རྙེད་ཁ་བས་གཡོགས་སོང་། །

འཇིག་རྟེན་ཕ་རོལ་བརྒལ་བའི་ཐང་ཆེན་དེ་ནས། །

ང་ཡི་རྣམ་ཤེས་འཁོར་བའི་རི་ལམ་བརྒྱུད་དེ། །

དབྱངས་ཅན་ལྷ་ཡི་ཞལ་རས་ཅི་འདྲར་བཙལ་ཀྱང་། །

དགའ་སྐྱོ་འདྲེས་མའི་སྣང་བ་འཛད་མཐའ་མི་འདུག །

འདི་ལྟའི་ཚིག་གི་རྨུ་ཐག་རྒྱང་ལ་འཐེན་དུས། །

འཆར་ཡན་སྒྱུ་མའི་རྦ་རླབས་ངང་གིས་བསླས་ཡོང་། །

ཁྱོད་རང་སྤྲིན་དཀར་འཛུམ་འཛུམ་ཡིད་ལ་དྲན་དུས། །

ང་ཡི་སེམས་པ་མི་སྐྱོ་ཀ་མེད་རེད་འདུག །

རྣམ་དག་སེམས་ཀྱི་གསང་བ་ཁྱོད་ལ་སྟོན་དུས། །

ཨ་གསར་སྤྲིན་དཀར་ཆིབས་ནས་ང་སར་མ་ཡོང་། །

བཅོས་མིན་ངག་གི་མགུར་མ་ཚིག་ལ་སྤྲིངས་ཏེ། །

མཛའ་གཅུགས་དུང་གི་ཟླ་བ་བག་མར་བསུ་འདོད། །

ཁ་སང་སྤྲོ་དགའི་ངང་ནས་ལྷན་དུ་འཚོ་བའི། །

གཞོན་ཆུང་སྙིང་གི་གྲོགས་ལ་ཁ་ཡག་མི་བཤད། །

འཇིག་རྟེན་འཁོར་བའི་འདབས་ནས་མཉམ་དུ་འགྲོ་དུས། །

ནམ་མཁའི་སྐར་མ་དེས་ཀྱང་འཕྱའ་སྨོད་བྱེད་ཀི །

ཁྱོད་རང་ཉི་ཟླ་འདྲ་འདྲར་མཁའ་ལ་བཞེངས་དུས། །

སླར་ཡང་འདུན་མའི་འོད་ཕུང་གཏད་ནས་ལོས་ཡིན། །

གནས་འདིར་ཁ་བ་འབབ་གྲགས་ཤིན་ཏུ་ཆེ་བས། །

ཁྱོད་རང་མཐོང་བའི་སྐལ་བཟང་ང་ལ་མི་འདུག །

ཚེ་འདིར་རྣམ་ཤེས་འཁྱམ་པོ་ཞེས་ཀྱང་མི་སྨྲ། །

ཚིག་གི་བརྡ་ཐབས་གསལ་བའི་ལམ་སྣ་འདྲེན་དགོས། །

ལུས་ཀྱི་མེ་ཏོག་འཛུམ་པ་ཡིད་ལ་མི་འཆར། །

ངག་རིག་པད་མའི་འཁྲི་ཤིང་ཡེ་ནས་རྒྱས་དགོས། །

ཁྱོད་རང་སྡུག་ལ་སྦྱར་ཏེ་ས་མཐར་མི་འགྲིམ། །

སེམས་ཀྱི་བར་ཐག་རིང་ན་བདེ་མོ་མ་རེད། །

ལྷབ་ལྷུབ་ཁ་བ་དཀར་པོ་ཡིད་ལ་སྐྱོམ་དུས། །

མི་དྲན་དགུ་དྲན་བྱེད་པའི་སྣང་བས་ཅི་བྱ། །

ཚེ་འདིའི་སྣང་བ་ཟད་པོ་གང་སར་སྡོམ་དུས། །

ཐ་སྙད་གསར་པའི་མེ་ཏོག་ཡིད་ལ་འཆང་དུས། །

ཚོར་ཤེས་མགུར་མའི་རང་སྒྲ་ངག་ལ་ཐོན་དུས། །

ད་དུང་སྙན་ངག་འབྲི་བའི་སྤོབས་པ་ཇེ་ཆེར། །

དབྱངས་ཅན་ལྷ་ཡི་བུ་མོ་སྤྱི་བོར་སྒོམ་དུས། །

ཚིག་གི་འདབ་མ་ངང་གིས་ལྷུག་པོར་ཆགས་ཡོང་། །

ད་དུང་རྒྱ་སེའི་མེ་ཏོག་འདྲ་བར་བསམས་ན། །

ཐ་སྙད་གསར་པའི་གདམས་པ་རང་ལ་ཡོད་དགོས། །

འདང་བརྩེ་པད་མའི་ལྷུ་ལག་དཔེ་རུ་མ་འཇོག །

སེམས་ཀྱི་མགུར་མ་ཚོར་བའི་འགྲམ་དུ་སྐྱེས་ཡོང་། །

འདི་ནས་ཟུང་འཇུག་ཆོས་སྐུའི་ཞིང་སར་བར་དུ། །

མི་འགྱུར་དམ་བཅའི་མདུད་པ་ཁྱོད་ལ་བཞག་ཆོག །

འུ་གཉིས་ཕར་ངོ་ཚུར་ངོ་ཤེས་པ་མིན་པས། །

གསང་བའི་སྐད་ཆ་བཤད་ན་འགྲིག་པ་མ་ཡིན། །

རྗེས་ཆགས་སོར་མོའི་འཕྲུལ་རྩལ་ཇེ་ཆེར་གཏོང་ཐབས། །

ཡིད་ལ་ཆོད་སེམས་མེད་པར་འབད་པས་བརྩོན་ཡོང་། །

ཚིག་གི་འཁྲི་ཤིང་ལྡེམ་པ་ཅི་འདྲའི་དཀའ་མོད། །

ཡིད་ཀྱི་ཚོར་ཤེས་ནང་གི་འཆར་ཡན་དེ་དང་། །

འབད་འབུངས་བྱ་བའི་གྲུབ་འབྲས་གསོས་སུ་སྨིན་ཏེ། །

ངག་རིག་དབྱངས་ཀྱི་གདངས་ལ་སྙན་ཆ་འཛོམས་ཤོག །

འདི་ལྟའི་ཚིག་གི་ཉམས་ལ་གདེང་འཇོག་བྱས་ཏེ། །

སྙན་ངག་གསར་པའི་གདམས་ངག་རང་ལ་སྟོན་པའི། །

གྲོགས་པོ་ཁྱོད་ཀྱི་གཤིས་ཀ་ཡིད་ལ་ཤར་ན། །

དགའ་སྤྲོ་ཚད་མེད་སྐྱེས་པའི་ལས་དེ་རྟོགས་ཐལ། །

འདུན་མའི་ལས་འཕྲོ་འཁྱོངས་པ་ཤིན་ཏུ་དཀའ་མོད། །

ཁྱེད་ཚོས་དྲིན་གྱི་སེམས་ཁུར་དེ་ཙམ་མི་འདུག །

ངག་རིག་མེ་ཏོག་འཐུ་བའི་སྤང་ཐང་དེ་ནས། །

འཚོ་བ་མཉམ་དུ་སྐྱོང་བའི་གྲོགས་པོ་ཡིན་ནམ། །

ཆགས་སྡང་འཁོར་བའི་ཉམས་སྣང་ཚིག་ལ་སྦྱར་ཏེ། །

སྐྱིད་སྡུག་སེམས་ཀྱི་སྐད་ཆ་གླེང་ས་བྱེད་ཆོག །

གཙང་འགྲམ་མེ་ཏོག་སྐྱེས་པའི་ཡུལ་གྲུ་དེ་ནས། །

ལས་ཀྱི་བག་ཆགས་ཤིག་གིས་མཉམ་དུ་འཕྲད་ཡོང་། །

༼ ཁམས་ཟླ་སྲས། ༽